
སྤྱི་ཟླ་ ༦ པའི་ཚེས་ ༢ ལས་ ཟླཝ་ ༡ ལྷགཔ་ཅིག་གི་རིང་ལུ་ འཚོགས་གནང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ གནམ་བྱཱར་གྱི་ ཚོགས་བཞུགས་ནང་ ཏི་རུའི་དཔྱད་ཡིག་ ༤ བརྩིས་ཏེ་ དཔྱད་ཡིག་ ༨ ལུ་ གསུང་གྲོས་གནང་ནི་ཨིན་པས།
དེ་ཡང་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་ ༢༠༢༡ ཅན་མ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༡ ཅན་མ་ དེ་ལས་ རྒྱལ་སྤྱི་ཉི་དྲོད་མཐུན་སྒྲིག་གཞི་བཙུགས་ཀྱི་ སྒྲིག་བཀོད་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་མི་ དཔྱད་ཡིག་གསུམ་ཆ་ར་ རྒྱལ་ཡོངས་ཚོགས་འདུ་གིས་ འདས་པའི་ཚོགས་ཐེངས་ནང་ ཆ་འཇོག་གྲུབ་ནུག།
སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ དཱན་ཀུ་མར་སཱུན་ཝར་གྱིས་ ཞི་བའི་ཉེས་ཆད་དཔྱད་ཡིག་གི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་ནིའི་དོན་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།
དོན་ཚན་ ༡༨༡ འབད་མི་ ཞི་བའི་ཉེས་ཆད་དཔྱད་ཡིག་དེ་ མི་མང་གི་ ཚེ་སྲོག་ལུ་ བར་ཆད་དང་ ཉམས་རྒུདཔ་ཚུ་ལུ་ གནོད་པ་ལེ་ཤ་ཅིག་ བྱུངམ་མ་ཚད་ རྒྱུ་དངོས་ཚུ་ལུ་ཡང་ གྱོང་རྒུད་དང་ གནོད་སྐྱོན་ཚུ་བྱུང་རུང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རྒུད་འཐུས་ཚུ་ མ་སྤྲོད་པར་ སྣང་མེད་དང་ འགན་འཁྲི་བཀལ་ནི་མེདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ ཟིན་བྲིས་བཏབ་ནུག།
ཚོགས་ཁང་ ༢ ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་མི་ ངན་ལྷད་བཀག་སྡོམ་ འཕྲི་སྣོན་དཔྱད་ཡིག་ ༢༠༢༡ ཅན་མ་དང་ འབྲུག་གི་མི་སྡེ་ལས་ཚོགས་ཀྱི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༡ ཅན་མ་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པས།
གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ ཉི་མ་གིས་ ངན་ལྷད་བཀག་སྡོམ་ དཔྱད་ཡིག་གི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ མཉམ་འབྲེལ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ འཁོན་འཆམ་མ་ཚུགས་མི་ དོན་ཚན་ག་ར་ལུ་ ངོས་ལེན་འབད་ཡོད་རུང་ ཆ་འཇོག་མཛད་མི་མཛད་ སྤྱི་ཚོགས་ལྷན་བཞུགས་ལུ་ རག་ལས་འོང་ཟེར་ བཤདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ འཕྲི་སྣོན་དཔྱད་ཡིག་ནང་ གནད་དོན་གཙོ་བོ་ར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མི་སྟོབས་ཀྱི་ རང་དབང་བྱིན་མི་བྱིན་སྐོར་ལས་ཨིནམ་ད་ མཉམ་འབྲེལ་ཚོགས་ཆུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མི་སྟོབས་ཀྱི་ རང་དབང་བྱིན་ནི་སྦེ་ གྲོས་འཆམ་བྱུང་ཡོད་རུང་ སྤྱི་ཚོགས་ལྷན་བཞུགས་ནང་ལས་ ཆ་འཇོག་མཛད་དགོཔ་ཨིན་པས།
མི་སྡེ་ལས་ཚོགས་དཔྱད་ཡིག་དེ་ཡང་ ཚོགས་ཁང་ ༢ ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་མི་ དཔྱད་ཡིག་ཨིནམ་ད་ དེ་ཡང་ མི་སྡེ་ལས་ཚོགས་ཀྱི་ ཁྲི་འཛིན་དེ་ ནང་སྲིད་བློན་པོ་དང་ དྲུང་ཆེན་བཞག་མི་བཞག་ལུ་ མོས་མཐུན་བྱུང་མ་ཚུགསཔ་ཨིན་པས།
དེ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ དཔྱད་ཡིད་ཚོགས་ཆུང་གིས་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་ཡོདཔ་མ་ཚད་ ཐིམ་ཕུའི་དོ་དམ་ལྟེ་བ་དང་ ལྕམ་སྒང་བཙོན་ཁང་ལྟེ་བ་ དེ་ལས་ ཆུ་ཁ་ལམ་བཟང་ལྟེ་བ་ཚུ་དང་ འབྲེལ་བ་འཐབ་ཐོག་ལས་ བརྟག་ཞིབ་འབད་ནུག།
མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གི་ཁྲི་འཛིན་ ལྷ་སྐྱིད་སྒྲོལ་མ་གིས་ རྒྱལ་སྤྱི་ཉི་དྲོད་མཐུན་སྒྲིག་གཞི་བཙུགས་ཀྱི་ སྒྲིག་བཀོད་གན་རྒྱ་ ལེགས་བཅོས་འབད་མི་དེ་གིས་ ཉི་དྲོད་འཕྲུལ་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ རྒྱལ་ཁབ་ནང་ འཛམ་གླིང་རྒྱལ་སྤྱི་ལས་ འཕྲུལ་རིག་དང་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ འཐོབ་ནི་གི་ ཁེ་ཕན་སྦོམ་སྦེ་ར་ཡོད་ཟེར་ བཤདཔ་ཨིན་པས།
བསྐྱར་ཞིབ་ཚོགས་ཁང་ནང་ རྩིས་ལོ་ ༢༠༢༢-༢༣ གྱི་ ལོ་བསྟར་འཆར་དངུལ་སྙན་ཞུ་དང་ ཏི་རུའི་དཔྱད་ཡིག་ཨིན་མི་ རྩིས་ལོ་ ༢༠༢༡-༢༢ ཀྱི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དཔྱད་ཡིག་ ༢༠༢༢ ཅན་མའི་གུ་ གསུང་གྲོས་གནང་ནི་ཨིན་པས།
འབྲུག་གི་རྒྱུ་དངོས་ཁྲལ་ ཡངས་ཆག་གི་ དཔྱད་ཡིག་ ༢༠༢༢ ཅན་མ་དང་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ འཕྲི་སྣོན་དཔྱད་ཡིག་ དེ་ལས་ འབྲུག་གི་ལྟ་བཤལ་གྱི་ བསྡུ་བླངས་དགོངས་ཡངས་བཅའ་ཁྲིམས་ (འཕྲི་སྣོན་) ༢༠༢༠ ཅན་མའི་གུ་ གསུང་གྲོས་གནང་ནི་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེའི་ནང་ འདས་པའི་ཚོགས་ཐེངས་ཀྱི་ དུས་མཐུན་བསྐྱར་ཞིབ་སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1388448
Views Today :
Total views : 5000
Who's Online :