
སྒྲོལ་མ་ཡེ་ཤེས་དང་
བདེ་སྐྱིད་ཆོས་སྒྲོན།
རང་ཟླ་ ༤ པའི་ཚེས་ ༣ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༧ པའི་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་ཡི།
དེ་བསྒང་ རྒྱལ་ཡོངས་ཚོགས་འདུའི་ མི་རྗེ་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཚོགས་ཐེངས་ ༧ པའི་ འགོ་འབྱེད་རྟེན་འབྲེལ་གྱི་ མཛད་སྒོའི་ལས་རིམ་ནང་ བྱོན་གནང་མི་འདི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བྱོན་པ་ལེགས་སོ་དང་ བཀྲིན་ཆེ་ཟེར་ཞུ་ཡི།
མི་དབང་མངའ་ཞབས་མཆོག་ འདས་པའི་ལོ་ངོ་ ༢ དེ་ཅིག་གི་ ཧེ་མ་ལས་ ནད་ཡམས་ཀོ་ཝིཌ་-༡༩ འཐོན་ཞིནམ་ལས་ཚུར་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ ཐུགས་བཞེད་གནང་སྟེ་ མི་དབང་རྒྱལ་བཙུན་དང་ མི་དབང་རྒྱལ་སྲས་ མི་དབང་ཡབ་ཡུམ་སྐུ་འཁོར་ཚུ་ག་ར་ལུ་ ཞེན་ཆགས་མ་མཛད་པར་ ཉེན་འཚུབས་ཅན་གྱི་ གྲོང་གསེབ་ས་ཁོངས་ཚུ་གི་ནང་ འཕྲལ་འཕྲལ་སྦེ་ར་ ཆིབས་བསྐྱོད་གནང་སྟེ་ མི་སེར་ཚུ་ལུ་ དགོས་མཁོ་ཆེ་བའི་ སྐྱིད་སྡུག་གི་ ཕྱག་ལཱ་མཛད་གནང་མི་ཚུ་ འབྲུག་མི་ཡོངས་ཀྱི་ སེམས་ཁ་ལུ་ དྲནམ་དྲན་ས་ར་ཡོད་ཟེར་ཨིན་པས།
དཔལ་འབྱོར་དང་ ལཱ་གཡོག།
རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ ལཱ་གཡོག་ལུ་ ཐུགས་བཞེད་གནང་སྟེ་ བདེ་སྲུང་ལས་འགུལ་ གཞི་བཙུགས་གནངམ་བཞིན་དུ་ བདེ་སྲུངཔ་ཚུ་གིས་ཡང་ རྒྱལ་ཁབ་ནང་ ཕྱག་ག་དེ་སྦེ་ ཞུཝ་ཨིན་ན་ མི་སེར་ག་ར་གིས་ མཁྱེན་གསལ་ཆེ་ཟེར་ཞུ་ཡི།
དེ་ལས་ བདེ་སྲུངཔ་ཚུ་ དོན་དང་ལྡནམ་དང་ སྤུས་ཚད་ཅན་ བཟོ་གནང་ཐབས་ལུ་ ས་གནས་ཁག་ ལེ་ཤ་ཅིག་གི་ནང་ རིག་རྩལ་སྦྱོང་བརྡར་གྱི་ ལས་རིམ་སྣ་ཚོགས་ གཞི་བཙུགས་གནང་ཡོདཔ་མ་ཚད་ སྦྱོང་བརྡར་ལས་རིམ་གྱི་ ས་ཁོངས་ཚུ་གི་ནང་ཡང་ གཟིགས་སྐོར་གནང་སྟེ་ ན་གཞོན་ཚུ་ལུ་ མི་ཚེ་འཚོ་སྐྱོང་གི་དོན་ལས་ རིག་རྩལ་ལུ་བརྟེན་པའི་ ཐབས་ཤེས་གནས་སྐབས་ཚུ་ གཡོག་བཀོལ་ཏེ་ ཕྱག་ཞུ་དགོ་པའི་ བཀའ་སློབ་དང་ ལམ་སྟོན་ ཞལ་བཀོད་ཚུ་ གནང་ནི་དེ་གིས་ ན་གཞོན་ཚུ་ལུ་ བློ་སྟོབས་དང་ སེམས་ཤུགས་ཚུ་ ཐོབ་སྟེ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་སྐྱེས་ལོ་ ༡༨ ཡན་ཆད་འབད་མི་ཚུ་ལུ་ མ་འོངས་པའི་ ལམ་སྟོན་དང་ བསམ་སྤྱོད་བཟང་པོའི་སྒོ་ལས་ དུས་རབས་ ༢༡ པའི་ རིག་རྩལ་དང་ ལྕོགས་གྲུབ་ཐོག་ལས་ རྒྱལ་ཁབ་གཅིག་བསྒྲིལ་བཟོ་ཐབས་ལུ་ རྒྱལ་སྲུང་གི་ ལས་རིམ་རྒྱ་ཆེ་དྲགས་སྦེ་ར་ གཞི་བཙུགས་གནངམ་བཞིན་དུ་ གྲུབ་འབྲས་ཚུ་ཡང་ ཅི་དང་མ་འདྲཝ་སྦེ་ར་ འཐོན་པའི་བསྒང་འདུག་ཟེར་ཞུ་ཡི།
མི་སེར་ལུ་སྐྱིད་སྡུག།
མི་དབང་མཆོག་གིས་ འབྲུག་མི་ཚུ་ལུ་ བུ་གཅིག་པུའི་ ཕམ་བཟུམ་སྦེ་ སྐྱིད་སྡུག་སྣ་ཚོགས་ གཟིགས་བཞིན་དུ་ཡོད་པའི་གུ་ སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ ཐུགས་བརྩེ་ཆེ་བའི་སྒོ་ལས་ མི་གྲངས་ ༣༠༨ ལུ་ འབྲུག་པའི་མི་ཁུངས་ཀྱི་ སྐྱིད་སྡུག་གནངམ་ལས་ མི་སེར་དེ་ཚུ་ བློ་བདེ་བའི་ངང་ལུ་ སྐྱིད་ཉམས་སྐྱོང་སྟེ་འདུག་ཟེར་ཨིན་པས།
མི་དབང་ཞབས་ལས་ མི་སེར་ཚུ་གི་ མཐའ་དོན་ལུ་ ལུང་ཕྱོགས་ཚུ་གི་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ཡིག་ཚང་ བཙུགས་དགོཔ་སྦེ་ བཀའ་སློབ་གནང་མི་དེ་གིས་ གློ་བུར་དུ་ སྨན་བཅོས་འབད་དགོཔ་འཐོན་མི་ ནདཔ་ཚུ་ལུ་ ཕན་རླབས་སྦོམ་སྦེ་ར་ འབྱུང་ནི་ཨིནམ་མ་ཚད་ མ་འོངས་པའི་ རྒྱུན་ལམ་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ མི་དབང་མངའ་ཞབས་མཆོག་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
ནད་ཡམས་བཀག་ཐབས།
ད་རེས་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ནད་ཡམས་ཀྱི་ སྒྲིག་གཞི་ཚུ་ ལྷོད་ཡངས་བཏང་སྟེ་ཡོད་རུང་ ད་ལྟོའི་བར་ན་ཡང་ འཛམ་གླིང་གི་ མི་རློབས་བརྒྱ་ཆ་ ༥༠ དེ་ཅིག་ལུ་ སྨན་ཁབ་ཀྱི་ གོ་སྐབས་མ་ཐོབ་པར་ཡོདཔ་ད་ ཨིན་རུང་ འབྲུག་རྒྱལ་ཁབ་འདི་ནང་ མི་སེར་རྒན་གཞོན་ག་ར་ལུ་ ནད་ཡམས་བཀག་ཐབས་ཀྱི་ སྨན་ཁབ་ཉུང་ཤོས་ར་ ལན་ཐེངས་ ༣ དེ་རེ་ ཐོབ་ཡོདཔ་ལས་ མི་སེར་ཚུ་ག་ར་ བློ་བདེ་ཏོག་ཏོ་སྦེ་ རང་སོའི་མི་ཚེ་སྐྱོང་སྟེ་ སྡོད་ནི་ཡོད་མི་འདི་ མི་དབང་མངའ་ཞབས་མཆོག་གི་ བཀའ་དྲིན་ཁོ་ན་ཨིན་ཟེར་ཞུ་ཡི།
དེ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ གཞུང་དགེ་འདུན་གྲྭ་ཚང་གི་ བླ་སློབ་ལྷན་རྒྱས་དང་ རབ་སྡེ་གྲྭ་ཚང་ཁག་གི་ བླམ་གནས་བརྟན་ཚུ་ དེ་ལས་ ཆོས་སྡེ་དང་ དགོན་སྡེ་ བཤད་སྒྲུབ་ཁག་གི་ བླ་སློབ་མཁན་སྤྲུལ་ཡོངས་ཀྱིས་ ནད་ཡམས་ཞི་ཐབས་ལུ་ བསྟན་སྤྱིའི་སྐུ་རིམ་ཚུ་ ག་ནི་བ་ ནུས་མཐུ་ཆེ་ཏོག་ཏོ་དང་ ཕན་ཐོགས་ཅན་སྦེ་ བསྒྲུབས་གནང་དང་ གནང་བཞིན་དུ་ཡོད་ཟེར་ཨིན་པས།
དེ་གི་ནང་ལས་ཡང་ དུས་ཅི་ གཞུང་གྲྭ་ཚང་གི་ ཁ་ཐུག་ལས་ ཞབས་དྲུང་སྐུ་མཆོད་ ཐེངས་ ༣༧༡ པ་ བརྩི་སྲུང་ཞུཝ་དང་འབྲེལ་ཏེ་ བཀྲིན་ ཅན་གྱི་བླམ་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ནང་ བསྟན་པའི་རྩ་བ་ གཞུང་དགེ་འདུན་གྲྭ་ཚང་ གཞི་བཙུགས་གནང་སྟེ་ མི་ལོ་༤༠༠ འཁོར་བའི་ དུས་སྟོན་ལས་རིམ་ཚུ་ ག་ནི་བ་ རྒྱས་ཤིང་རྒྱསཔ་སྦེ་ ཆོས་ཕྱོགས་དང་ རྒྱང་བསྒྲགས་ནང་ དངོས་མཐོང་སྦེ་ མི་མང་ལུ་ གསལ་སྟོན་དང་ གོ་བ་བརྡ་སྤྲོད་ ལེགས་ཤོམ་སྦེ་ སྤེལ་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ གཞུང་གྲྭ་ཚང་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
ཚོགས་འདུའི་གྲོས་གཞི།
ད་རེས་ རྒྱལ་ཡོངས་ཚོགས་འདུའི་ནང་ སྤྱིར་བཏང་ཁྲིམས་བཟོ་དང་ མཛད་རིམ་ཚུ་གི་སྐབས་ལུ་ དྲི་བཀོད་དང་ གྲོས་དོན་ཚུ་ལུ་ ཨ་རྟག་ག་ཨིནམ་སྦེ་ གསུང་གྲོས་གནང་ནི་ཨིན་པས།
དེ་ཡང་ རྩིས་ལོ་ ༢༠༢༢-༢༠༢༣ གྱི་ ལོ་བསྟར་འཆར་དངུལ་དང་ འབྲུག་གི་ནགས་ཚལ་དང་ རང་བཞིན་ཉམས་སྲུང་ སྲུང་སྐྱོབ་དཔྱད་ཡིག་ ༢༠༢༡ ཅན་མ་ ལྷག་ཐེངས་གསུམ་པ་དང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ (འཕྲི་སྣོན་) དཔྱད་ཡིག་དང་ ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ (འཕྲི་སྣོན་) དཔྱད་ཡིག་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་གི་ལྟ་བཤལ་གྱི་ཁྲལ་བསྡུ་བླང་ (འཕྲི་སྣོན་) ༢༠༢༢ ཅན་མ་དང་ རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་ (འཕྲི་སྣོན་) ༢༠༢༢ ཅན་མ་ འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱལ་ཁབ་གཅིག་ལས་གཅིག་བརྒྱུད་དེ་ གོ་སྒྲིག་འབད་མི་ ཉེས་ལས་བཀག་ཐབས་ཀྱི་ མཐུན་གྲོས་དང་ སྐྱེ་བོ་ཉོ་ཚོང་ དམིགས་བསལ་གྱིས་ ཨམ་སྲུ་དང་ ཨ་ལོ་ནག་ཚོང་སྔོན་འགོག་ བཙན་གནོན་དང་ ཉེས་ཁྲིམས་བཀལ་ནི་གི་ གན་འཛིན་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པས།
དེ་ལས་ ཚོགས་ཐེངས་ ༦ པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཁག་ ༣ དང་ འབྲུག་གི་སྐྱེ་ལྡན་རིགས་སྣའི་ དཔྱད་ཡིག་ ༢༠༢༡ ཅན་མ་བསྐྱར་གྲོས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༡ ཅན་མར་ བསྐྱར་གྲོས་དང་བཅསཔ་སྦེ་ དཔྱད་ཡིག་ལེ་ཤ་ཅིག་གུ་ གསུང་གྲོས་གནང་ནི་གི་ གྲོས་གཞི་ཡོདཔ་ཨིན་པས།
སྤྱི་ཚོགས་ལྷན་བཞུགས།
སྤྱི་ཟླ་ ༦ པའི་ཚེས་ ༢༩ ལས་ སྤྱི་ཟླ་ ༧ པའི་ཚེས་ ༤ ཚུན་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་རྩིས་ཞིབ་སྙན་ཞུ་ ༢༠༢༡ ཅན་མ་དང་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཁག་ ༢ གྲོས་ཆོད་དང་ལེན་གྱི་ གནས་རིམ་སྙན་ཞུ་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།
དེ་ལས་ ཚོགས་ཁང་ ༢ ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་མི་ དཔྱད་ཡིག་ ༣ གུ་ གསུང་གྲོས་གནང་ནི་ཨིན་མི་དེ་ཡང་ ངན་ལྷད་བཀག་སྡོམ་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༡ ཅན་མ་དང་ འབྲུག་གི་མི་སྡེ་ལས་ཚོགས་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༡ ཅན་མ་ ངན་ལྷད་ཀྱི་གདོང་ལེན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ མཐུན་གྲོས་ (འཕྲི་སྣོན) ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།
དེ་ཚུ་ག་ར་ བྱ་སྒོའི་ལས་རིམ་ལྟར་དུ་ གསུང་གྲོས་གནང་སྟེ་ རྒྱལ་ཁབ་དང་ མི་སེར་གྱི་དོན་ལས་ གཙུག་སྡེ་ཁག་གིས་ བསྟར་སྤྱོད་འབད་བའི་སྐབས་ལུ་ ཕན་ནུས་ཆེཝ་དང་ བྱ་སྟབས་བདེ་ཏོག་ཏེ་སྦེ་ བཟོ་ནི་གི་ ཁས་ལེན་ཕུལཝ་ཨིན་ཟེར་ མི་རྗེ་ཚོགས་དཔོན་གྱིས་ཞུ་ཡི།
སྤྱི་ཚོགས་ ༣ པའི་ ཚོགས་ཐེངས་ ༧ པ་འདི་ སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1388448
Views Today :
Total views : 5000
Who's Online :