
བདེ་སྐྱིད་ཆོས་སྒྲོན།
རྩི་རང་རྫོང་ཁག་ མན་ཌལ་སྒང་རྒེད་འོག་གི་ སྤྱི་འོག་ག་རའི་ནང་ མཐུན་རྐྱེན་ཚུ་ག་ར་ ཆ་ཚང་སྦེ་ཡོདཔ་ལས་ དཀའ་ངལ་སྦོམ་ཅིག་ ག་ནི་ཡང་ མེད་ཟེར་ཨིན་པས།
དེ་ཡང་ སྐྱེས་ལོ་ ༥༥ འབད་མི་ མན་ཌལ་སྒང་རྒཔོ་ ཡེ་ཤེས་ཀྱིས་ བཤད་ཡོདཔ་ད་ དེ་སྦེ་ དཀའ་ངལ་མེད་མི་དེ་ གཞུང་ཞབས་ལས་ འཆར་གཞི་དང་འཁྲིལ་ཏེ་ མ་དངུལ་ཚུ་ གནང་ནི་དེ་གིས་ འཆར་གཞི་དང་འཁྲིལ་བའི་ ལཱ་འབད་ནི་མ་གཏོགས་ གཞན་འབད་དགོཔ་མེད་ཟེར་ཨིན་པས།
རྒེད་འོག་ནང་ ལཱ་ག་ཅི་ར་འབད་རུང་ ལོ་ལྔའི་འཆར་གཞིའི་ནང་ ཚུད་མི་ཚུ་ལུ་ གཙོ་བོ་བཏོན་དོ་ཡོདཔ་ད་ རྒེད་འོག་དེ་ནང་ དཀའ་ངལ་སྦོམ་ཅིག་ ག་ནི་ཡང་མེད་པའི་གུ་ དུམ་གྲ་རེ་ཡོད་མི་ཚུ་ཡང་ མི་སེར་ཚུ་དང་ གྲོས་བསྟུན་ཐོག་ལས་དང་ རྒེད་འོག་ཚོགས་སྡེའི་ནང་ གྲོས་བསྟུན་འབད་དེ་ དཀའ་ངལ་ཚུ་ག་ར་ སེལ་ཚུགས་པས་ཟེར་ཨིན་པས།
ཡེ་ཤེས་ཀྱིས་ སྤྱི་ལོ་ ༢༠༠༡ སྤྱི་ཟླ་ ༢ པའི་ཚེས་ ༢ ལས་ རྒ་པོའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ཡང་ རྒྱབ་སྐྱོར་འབད་དེ་ ཐེངས་ ༣ ཚུན་གྱི་རིང་ལུ་ བཙག་འཐུ་གྲུབ་ནུག།
རྒཔོ་ཡེ་ཤེས་དེ་ སྤྱི་ལོ་ ༡༩༩༧ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ལྷོ་མཚམས་རྫོང་ཁག་ཚུ་ནང་ ས་ཞིང་ཨེ་ཀར་ ༥ རེ་གནང་སྟེ་ གཞི་གསར་འགོ་དང་པ་ བཙུགས་གནང་པའི་བསྐབས་ལུ་ ལྷོད་ཡོདཔ་ཨིན་པས།
དེ་བསྒང༌ རྫོང་ཁག་གི་ རྒྱབ་སྐྱོར་ཐོག་ལས་ རྒེད་འོག་དེ་ནང་ ཞིང་ཆུ་དང་ འཐུང་ཆུའི་གཡུར་བ་ བཟོ་བསྐྲུན་སྐབས་ལུ་ ལཱ་རྒྱབ་སྦེ་ ལོ་ངོ་ ༣ སྡོད་ཡོདཔ་མ་ཚད་ དཀྱིལ་འཁོར་ཐང་ རྒེད་འོག་ནང་ཡང་ ལོ་ ༡ དེ་ཅིག་ སྡོད་ཡོདཔ་ཨིན་པས།
རྒེད་འོག་དེ་ནང་ སྤྱི་འོག་ ༥ གི་ནང་ གུང་གྲངས་ ༣༨༩ དང་ མི་རློབས་ ༢,༨༨༩ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།




Users Today : 778
Users Yesterday : 1155
This Month : 48337
This Year : 228240
Total Users : 940056
Views Today : 1177
Total views : 2737801
Who's Online : 13