མི་དབང་རྒྱལ་བཙུན་མཆོག་གིས་ ཐིམ་ཕུ་ལུ་ པདྨ་ལྟེ་བའི་ཡིག་ཚང་ འགོ་འབྱེད་གནང་ཡོདཔ།

ཨྱོན་ཚེ་རིང་།
སྤྱི་ཟླ་ ༦ པའི་ཚེས་ ༡༦ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ སེམས་ཁམས་འཕྲོད་བསྟེན་ལུ་ རྒྱལ་ཡོངས་ལས་ ངོས་ལེན་འབད་མི་ འགོ་ཁྲིད་ལས་སྡེ་ པདྨ་ལྟེ་བའི་ཡིག་ཚང་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།
པདྨ་ལྟེ་བའི་ ཡིག་ཚང་དེ་ མི་དབང་རྒྱལ་བཙུན་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ གཞི་བཙུགས་འབད་ཡོདཔ་ད་ ཡིག་ཚང་དེ་ གཞི་བཙུགས་འབད་དགོཔའི་ དམིགས་ཡུལ་དེ་ཡང་ འབྲུག་གི་མི་སྡེའི་ནང་ སེམས་ཁམས་སྒྲིང་སྒྲིང་དང་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་ནིའི་དོན་ལས་ཨིན་པས།
ལྟེ་བ་དེ་གིས་ སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ སྲིད་བྱུས་དང་ ལས་རིམ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པའི་ཁར་ ལས་རིམ་སྣ་ཚོགས་ཀྱི་སྒོ་ལས་ མི་སྡེའི་ནང་ ཞབས་ཏོག་ཚུ་ གཅིག་འབྲེལ་ཐོག་ལུ་ ལེགས་ཤོམ་སྦེ་ བྱིན་ནི་ལུ་ཡང་ རྒྱབ་སྐྱོར་འབད་ནི་ཨིན་པས།
དེ་མ་ཚད་ སྨན་བཅོས་འགོ་བཙུགས་ནི་དང་ གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ནི་དང་ ཐེ་ར་པི་ཟེར་ ཕྱི་གཟུགས་སྨན་བཅོས་དང་ མི་ཚེ་ལེགས་བཅོས་ཀྱི་ ཞབས་ཏོག་ཚུ་ ཕུལ་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་པས།
ད་རུང་ ཡིག་ཚང་དེ་ནང་ སྡེ་ཚན་ ༣ ཡོདཔ་ད་ དེ་ཡང་ རང་ལུ་གནོད་སྐྱོན་འབྱུངམ་ད་ བཀག་ཐབས་འབད་ནི་དང་ རྩུབ་སྤྱོད་བཀག་ཐབས་དང་ ངོས་ལེན་འབད་ནི་ དེ་ལས་ སྨྱོས་རྫས་ལག་ལེན་འཐབ་པའི་སྐབས་ལུ་ བཀག་ཐབས་དང་ བདག་འཛིན་འབད་ཐངས་ཀྱི་ ཡིག་ཚང་ཚུ་ཡོདཔ་ཨིན་པས།
ཡིག་ཚང་གི་ འགན་དབང་དེ་ སེམས་ཁམས་འཕྲོན་བསྟེན་གྱི་ ཞབས་ཏོག་ཚུ་ གཅིག་མཐུན་གྱི་སྒོ་ལས་ ཁྱད་རིག་ཅན་དང་ བློ་གཏད་ཚུགསཔ་བཟོ་སྟེ་ མི་དམངས་ལུ་ གོ་སྐབས་འཐོབ་ཚུགསཔ་སྦེ་ བཟོ་ནི་ཨིན་པས།
སྡེ་ཚན་དེ་གིས་ ལཱ་འབད་དགོ་པའི་ གོ་རིམ་དང་པ་དེ་ ཞབས་ཏོག་སྤྱོད་དགོཔ་ཡོད་མི་ཚུ་ལུ་ བརྒྱུད་ལམ་བཟོ་དགོཔ་རྩིས་ཏེ་ རྒྱབ་སྐྱོར་འབད་ནི་གི་ ལམ་ལུགས་བཟོ་ནི་དང་ ཞབས་ཏོག་ལེན་མི་ཚུ་གི་ བཟའ་ཚང་དང་ བདག་འཛིན་འཐབ་མི་ཚུ་གི་དོན་ལུ་ ལམ་ལུགས་ཚུ་ བཟོ་དགོཔ་ཨིན་པས།
ཡིག་ཚང་དེ་ མི་དབང་རྒྱལ་བཙུན་མཆོག་གི་ ལམ་སྟོན་བཟང་པོའི་ དབུ་ཁྲིད་འོག་ལུ་ ཕྱག་ཞུ་མི་ བཀོད་ཚོགས་དང་ ལས་གཡོགཔ་ཚུ་ ཤེས་ཡོན་གྱི་ རྒྱབ་ཁུངས་མ་འདྲཝ་ཡོད་མི་ཚུ་གིས་ འཛིན་སྐྱོང་འཐབ་ནི་ཨིན་པའི་གནས་ཚུལ།