
ཨྱོན་ཚེ་རིང་།
དུས་ཅི་ སྤྱི་ཟླ་ ༩ པའི་ཚེས་ ༢༣ ལས་ འབྲུག་རྒྱལ་ཁབ་ནང་ ལྟ་བཤལཔ་ཚུ་གི་དོན་ལུ་ ས་མཚམས་ཀྱི་ འཛུལ་སྒོ་ཚུ་ ལོག་སྟེ་ར་ སྒོ་ཕྱེ་ནི་ཨིན་པས།
དེ་ཡང་ འཛམ་གླིང་ནང་ ནད་ཡམས་ཀོ་ཝིཌ་-༡༩ དར་ཁྱབ་འགྱོ་བའི་ གནད་ལུ་བརྟེན་ཏེ་ ལོ་ངོ་ ༢ ལྷགཔ་ཅིག་རིང་ལུ་ ས་མཚམས་ཀྱི་ འཛུལ་སྒོ་ཚུ་ སྒོ་བསྡམས་ཏེ་ བཞག་ཡོདཔ་ད་ ད་ལས་ཕར་ ལྟ་བཤལ་ལས་སྡེ་ ཡུན་བརྟན་སྦེ་ གནས་ཐབས་ལུ་ བསྐྱར་གསོ་འབད་མི་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི་ཨིན་པས།
སྤྱི་ཟླ་ ༦ པའི་ཚེས་ ༢༩ ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལྟ་བཤལ་ལས་སྡེ་གིས་ གལ་གནད་ཆེ་བའི་ གནད་དོན་ཁག་ ༣ ལུ་དམིགས་ཏེ་ བསྐྱར་གསོ་འབད་ཡོདཔ་ད་ དེ་ཡང་ རྟེན་གཞི་དང་ ཞབས་ཏོག་ ལྟ་བཤལཔ་ཚུ་གི་ འགྲུལ་སྐྱོད་ཉམས་མྱོང་དང་ མཐའ་སྐོར་གནས་སྟངས་ཀྱི་ ཕན་གནོད་ཚུ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ཁྲི་འཛིན་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ནད་ཡམས་ཀོ་ཝིཌ་-༡༩ ལུ་བརྟེན་ཏེ་ ལྟ་བཤལ་ལས་སྡེའི་ནང་ གཞི་བཀོད་དྲག་ཤོས་ཅིག་སྦེ་ ལག་ལེན་འཐབ་ཐབས་ལུ་ བསྐྱར་བཟོ་འབད་ནིའི་དོན་ལས་ ང་བཅས་ལུ་ མནོ་བསམ་ཡང་བསྐྱར་གཏང་ནི་གི་ གོ་སྐབས་ཐོབ་ཡོདཔ་མ་ཚད་ དུག་རླུང་ཡང་ དམའ་ཤོས་ཅིག་སྦེ་ བཞག་ཚུགས་ནི་ཨིནམ་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ མི་སྡེའི་ནང་ཡང་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྟ་བཤལཔ་ཚུ་གི་དོན་ལུ་ རིན་ཐང་ཅན་གྱི་ ཉམས་མྱོང་ཅན་ཅིག་སྦེ་ བཟོ་ནི་དེ་ ང་བཅས་རའི་ མ་འོངས་ཡུན་བརྟན་གྱི་ དམིགས་གཏད་ཨིན་པའི་གུ་ འབྲུག་པའི་མི་ཁུངས་ཚུ་ལུ་ ཁྱད་རིག་ཅན་གྱི་ ལཱ་གཡོག་ཅིག་སྦེ་ བཟོ་ཐོག་ལས་ དངུལ་ཕོགས་ཚུ་ཡང་ ལེགས་ཤོམ་སྦེ་ འཐོབ་ཚུགས་པའི་ དམིགས་ཡུལ་ཨིན་པས།
དེ་སྦེ་ བསྒྱུར་བཅོས་འབད་མིའི་གྲས་ཁར་ ཞབས་ཏོག་བྱིན་མི་ བཟའ་ཁང་ཚུ་རྩིས་ཏེ་ ལམ་སྟོན་པ་དང་ ལྟ་བཤལ་ལས་སྡེ་ དེད་གཡོགཔ་ཚུ་ ལེགས་བཅོས་འབད་ནི་ཨིན་པའི་གུ་ ལྟ་བཤལཔ་ཚུ་དང་གཅིག་ཁར་ འབྲེལ་བ་མ་འཐབ་པའི་ཧེ་མར་ ངོ་སྦྱོར་ལག་ཁྱེར་ཚུ་ཡང་ འཕྲལ་མགྱོགས་ར་ སྒྲིང་སྒྲིང་བཟོ་ནི་ཨིན་པས།
དེ་ལས་ ལྟ་བཤལ་ལས་བྱེདཔ་ཚུ་གི་ ཞབས་ཏོག་གི་སྤུས་ཚད་ གོང་འཕེལ་གཏང་ནིའི་དོན་ལས་ གལ་ཆེ་ཧིང་དང་འཁྲིལ་ཏེ་ རིག་རྩལ་ཡར་འཕར་གཏང་ཐབས་ལུ་ རིག་རྩལ་ལས་རིམ་ཚུ་ནང་ གྲལ་གཏོགས་འབད་དགོཔ་ཡང་ གལ་ཆེ་ནི་ཨིན་པས།
དེ་མ་ཚད་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལན་ལུ་ཡང་ རྒྱལ་ཁབ་ནང་ ཀར་བཱོན་ནེ་གེ་ཊིབ་ཟེར་ དུག་རླུང་མེདཔ་བཟོ་སྟེ་ ལྟ་བཤལཔ་ཚུའི་དོན་ལས་ སྔོ་ལྗང་དང་ལྡནམ་སྦེ་ བཞག་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིནམ་ད་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཏེ་ འཕྲལ་འཕྲལ་སྦེ་ར་ ཆར་ཆུ་དང་ ཆུ་རུད་ཚུ་གི་ ཉེན་ཁ་ཚུ་ཡང་ཡོདཔ་ཨིན་པས།
དེ་འབདཝ་ལས་ ལྟ་བཤལཔ་རེ་ལུ་ ཉིན་བཞག་རེར་ ཡུན་བརྟན་གོང་འཕེལ་གྱི་གླ་འཐུས་ ཡུ་ཨེཛ་ཌོ་ལར་ ༦༥ ལས་ ༢༠༠ གུ་ ཡར་སེང་འབད་མི་དེ་ ཀར་བཱོན་ནིའུ་ཊཱལ་ཟེར་ དུག་རླུང་མར་ཕབ་དང་ ལྟ་བཤལ་ལས་སྡེ་ ཡུན་བརྟན་སྦེ་ གནས་ཐབས་ལུ་ ལས་སྣ་ཚུ་ནང་ ཟད་འགྲོ་གཏང་ནི་ཨིན་རུང་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་གི་དོན་ལུ་ ཧེ་མ་ལས་ བཀོད་དེ་ཡོད་མི་ གླ་འཐུས་འདི་ར་ འཕྲོ་མཐུད་དེ་ ལག་ལེན་འཐབ་ནི་ཨིན་པས།
དེ་བཟུམ་སྦེ་ ད་ཚུན་གྱི་བར་ན་ ཉིན་བསྟར་གླ་འཐུས་ ཉུང་མཐའི་ཐོག་ལུ་ ལྟ་བཤལ་ལས་སྡེ་ཚུ་གིས་ ལས་རིམ་བཟོ་མི་དང་འཁྲིལ་ཏེ་ གདམ་ཁ་རྐྱབ་སྲོལ་ཡོད་མི་དེ་ ཆ་མེད་འགྱོཝ་བཞིན་དུ་ ད་ལས་ཕར་ ལྟ་བཤལཔ་ཚུ་གིས་ ཞབས་ཏོག་བྱིན་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་ཆོག་པའི་ཁར་ གླ་འཐུས་ཚུ་ཡང་ ཐད་ཀར་དུ་ སྤྲོད་ཆོག་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༠ ལུ་ དངུལ་རྩིས་བློན་པོ་གིས་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་ལྟ་བཤལ་གྱི་ ཁྲལ་བསྡུ་བླང་དཔྱད་ཡིག་ ངོ་སྤྲོད་ཞུ་ཡོདཔ་བཞིན་དུ་ ཚེ་གྲངས་དེ་དང་བསྟུན་ཏེ་ བསྟར་སྤྱོད་འབད་ནི་ཨིན་པས།
ལྟ་བཤལ་ལས་སྡེའི་ནང་ ལེགས་བཅོས་དེ་ ཞི་གཡོགཔ་ལས་ དངུལ་འབྲེལ་ལས་སྡེ་ཚུན་ རྒྱལ་ཁབ་མཐའ་དབུས་མེད་པར་ དར་ཁྱབ་འགྱོ་ནི་ཨིནམ་ལས་ འབྲུག་མི་ཚུ་གི་ འོང་འབབ་གོང་འཕེལ་གཏང་ནི་ལུ་ ཕན་ཐབས་དང་ རིག་རྩལ་གོང་འཕེལ་གཏང་ནི་ དེ་ལས་ ཡོན་ཏན་དང་ ཉམས་མྱོང་ཚུ་ཡང་ གོང་འཕེལ་གཏང་ཚུགས་འོང་ཟེར་ཨིན་པས།
ད་རུང་ ལྟ་བཤལ་ལས་སྡེ་ ལེགས་བཅོས་འབད་མི་ལུ་བརྟེན་ཏེ་ ལྟ་བཤལ་དེ་ རིན་ཐང་ཅན་དང་ འབོར་ཚད་ཉུང་སུ་ཅིག་ཟེར་ ང་བཅས་རའི་ཐབས་བྱུས་ཀྱི་ གཞི་རྩ་གུ་ ལོག་སྟེ་ར་ ལྷོད་ཚུགས་ནི་ཨིནམ་ད་ ང་བཅས་རའི་ མི་སེར་དང་ ལམ་སྲོལ་ གནས་གོང་དང་ མཐའ་སྐོར་ཚུ་ ལྟ་བཤལཔ་ཚུ་ལས་ ཉེན་སྲུང་འབད་དགོཔ་ཚུ་ཡང་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
ལྟ་བཤལ་དེ་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ཐབས་བྱུས་དང་ རིན་ཐང་ཅན་གྱི་ བདོག་གཏད་ཅིག་འབདཝ་ལས་ ལྟ་བཤལ་ལས་སྡེའི་ནང་ ལཱ་འབད་མི་རྐྱངམ་ཅིག་ལུ་ ཕན་གནོད་ཡོདཔ་མིན་པར་ སྤྱིར་བཏང་འབྲུག་མི་ག་ར་ལུ་ ཕན་གནོད་ཡོདཔ་ཨིན་པས།
དེ་འབདཝ་ལས་ མ་འོངས་པའི་ མི་རབས་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ ཡུན་བརྟན་སྦེ་གནས་ཐབས་ ངེས་བརྟན་བཟོ་དགོཔ་དེ་ ག་ནི་བ་ གལ་ཆེཝ་སྦེ་ འབྲུག་གི་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1388640
Views Today :
Total views : 5000
Who's Online :