
ཨྱོན་ཚེ་རིང་།
སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལྷུན་རྩེ་རྫོང་ཁག་ སྨད་འཚོ་རྒེད་འོག་ ཡུང་གི་ཆུ་ གློག་མེ་ལས་འགུལ་གྱི་ ས་བསླང་རྟེན་འབྲེལ་ མཛད་ཡོདཔ་ད་ གློག་ཤུགས་མེ་ག་ཝཱཊ་ ༣༢ འབད་མི་ ལས་འགུལ་དེ་ཁར་ དངུལ་ཀྲམ་ས་ཡ་ ༣,༥༦༥ གནས་ནི་ཨིན་པའི་ ཚོད་རྩིས་ཐོག་ལུ་ དུས་ཡུན་ཟླ་ངོ་ ༣༦ གི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཨིན་པས།
དེ་བཟུམ་མའི་ གློག་མེ་ལས་འགུལ་ཆུང་བ་ གོ་རིམ་དང་པའི་ནང་ གཞལམ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་ བུར་སྒང་ཆུ་ལུ་ གློག་ཤུགས་མེ་ག་ཝཱཊ་ ༥༤ འབད་མི་དང་ ཧཱ་རྫོང་ཁག་ གསང་སྦས་ཁ་རྒེད་འོག་ སུ་ཆུ་ལུ་ གློག་ཤུགས་མེ་ག་ཝཱཊ་ ༡༨ འབད་མི་ བཟོ་བསྐྲུན་འབད་ནི་ཨིནམ་བཞིན་དུ་ ས་ཁོངས་དེ་ ༢ ཀྱི་ནང་ འཁོར་ལམ་སེལ་དོ་ཡོད་པའི་གུ་ ཅ་ཆས་ཚུ་ཡང་ ནང་འདྲེན་འབད་དོ་ཟེར་ བློན་ཆེན་གྱི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
རྒྱལ་ཁབ་ནང་ གློག་མེ་ལས་འགུལ་ཆུང་བ་ ལེ་ཤ་ཅིག་ བཟོ་བསྐྲུན་འབད་ནི་གི་ གནས་སྐབས་དེ་ཡང་ ནད་ཡམས་ལུ་བརྟེན་ཏེ་ དཔལ་འབྱོར་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་དེ་གིས་ ཐོབ་ཡོདཔ་ད་ དེ་བཟུམ་མའི་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ གློག་མེ་ལས་འགུལ་ཆུང་བ་ཚུ་ལུ་བརྟེན་ཏེ་ ནད་ཡམས་ཀྱིས་ གནོད་པ་བྱུང་མི་ དཔལ་འབྱོར་བསྐྱར་གསོ་དང་ ལཱ་གཡོག་ དེ་ལས་ མི་སེར་ཉམ་ཆུང་ཚུ་ལུ་ དཔལ་འབྱོར་གྱི་ ཁེ་ཕན་བཟོ་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་པས།
གློག་མེ་ལས་འགུལ་ ༣ བསྡོམས་ཏེ་ གློག་ཤུགས་མེ་ག་ཝཱཊ་ ༡༠༤ འབད་མི་དེ་གིས་ རྒྱལ་ཁབ་ནང་ ནུས་ཤུགས་ཉེན་སྲུང་ རྩ་བརྟན་དང་ གློག་རྒྱུན་སྒྲིང་སྒྲིང་བཟོ་སྟེ་ ཡར་དྲག་གཏང་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་བཀོད་ནུག།
དེ་མ་ཚད་ གློག་མེ་ལས་འགུལ་ཆུང་བ་ཚུ་གིས་ རང་བཞིན་རྐྱེན་ངན་གྱིས་ གློག་རྒྱུན་ཨམ་ལུ་ བར་ཆད་འབྱུངམ་ད་ ཕན་ཐོགས་ནི་ཨིན་མི་དེ་ཡང་ ད་རེས་ནངས་པར་ མི་སེར་ཚུ་གིས་ ལཱ་ག་ཅི་ར་འབད་རུང་ གློག་མེ་ལུ་བརྟེན་ནི་དེ་གིས་ གློག་མེ་མེད་པར་ དུས་ཡུན་རིངམོ་སྦེ་ ལུས་སོང་པ་ཅིན་ འཚོ་བའི་གནས་སྟངས་ལུ་ བྱེམ་ཕོག་འོང་ཟེར་ཨིན་པས།
དེ་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་ཀྱིས་ ས་གོ་བཏུབ་མི་བཏུབ་ཀྱི་ བརྟག་ཞིབ་དང་ ལས་འགུལ་གྱི་ སྙན་ཞུ་ཚུ་ ཁ་གསལ་སྦེ་ བཟོ་སྟེ་ཡོད་པའི་གུ་ ལས་འགུལ་ལྟ་རྟོག་ཚུ་ཡང་ ལས་འཛིན་དེ་གིས་ འགོ་འདྲེན་འཐབ་ནི་ཨིནམ་ད་ ས་ཁོངས་ ༣ ནང་ཡོད་མི་ བཟོ་བསྐྲུན་གྱི་ལཱ་ཚུ་ཡང་ འབྲུག་པའི་ཁག་འབགཔ་ཚུ་གིས་ ལག་ལེན་འཐབ་ནི་ཨིན་པས།
ད་རུང་ གློག་མེ་ཐོགས་ཆག་མེད་པར་ བཀྲམ་སྤེལ་འབད་ཚུགསཔ་ བཟོ་ནི་དང་ རྒྱུན་སྐྱོང་གི་ གནས་གོང་ཚུ་ ཉུང་སུ་ཅིག་ལས་ མ་གནསཔ་སྦེ་ ངེས་བརྟན་བཟོ་ཐབས་ལུ་ དེང་སང་འཕྲུལ་རིག་གི་ རིག་རྩལ་ལུ་བརྟེན་ཏེ་ གློག་མེ་འཕྲུལ་ཁང་ཆུང་ཀུ་ཅིག་ཡང་ རྐྱབ་ནི་ཨིནམ་སྦེ་བཀོད་ནུག།
དེ་མ་ཚད་ གློག་མེ་ལས་འགུལ་ ༣ གི་ནང་ འབྲུག་པའི་ན་གཞོན་ ༡,༠༠༠ དེ་ཅིག་ལུ་ཡང་ ལཱ་གཡོག་བྱིན་ཚུགས་པའི་ རེ་བ་ཡོདཔ་ད་ ལྷུན་རྩེ་ལུ་ ཡུང་གི་ཆུ་ གློག་མེ་བཟོ་བསྐྲུན་གྱི་ ས་ཁོངས་ནང་ རྒྱལ་ཡོངས་བདེ་སྲུང་ཞབས་ཏོག་བརྒྱུད་དེ་ བདེ་སྲུངཔ་བརྒྱ་སྐོར་ཆ་ཅིག་ བཀོ་བཀྲམ་འབད་ཚུགས་པའི་ རེ་བ་ཡང་ཡོདཔ་ཨིན་པས།
ད་རུང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ གོ་རིམ་ ༢ པའི་ནང་ གློག་མེ་ལས་འགུལ་ཆུང་བ་ ༤ བཟོ་བསྐྲུན་འབད་ནིའི་དོན་ལུ་ ད་རེས་ནངས་པར་ ས་གོ་ཚུ་ བརྟག་ཞིབ་འབད་བའི་བསྒང་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་བཟུམ་སྦེ་ ཉམས་མྱོང་དང་ གོང་འཕེལ་འགྱོ་མི་ འཕྲུལ་རིག་ལུ་བརྟེན་པའི་ ལས་འགུལ་ཆུང་བའི་ ཆུ་མཛོད་ཁང་ཚུ་ རྐྱབ་ནིའི་དོན་ལུ་ འགན་ཁུར་འབག་ཚུགས་མི་ཡང་ དགོས་མཁོ་ཡོདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1388764
Views Today :
Total views : 5000
Who's Online :