མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་གིས་ རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་ གཤགས་མིའི་དོན་ལུ་ དཀར་མེ་སྟོང་མཆོད།

སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བི་ གཤགས་མིའི་དོན་ལས་ བཀྲིས་ཆོས་རྫོང་གི་ ཀུན་རའི་ནང་སྦེ་ དཀར་མེ་སྟོང་མཆོད་ ཕུལ་གནང་ཐོག་ལས་ ཐུགས་སྨོན་ཚུ་གནང་ཡི།
དེ་བསྒང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ལྷན་རྒྱས་དང་ སྤྱི་ཚོགས་ཀྱི་འཐུས་མི་ གཞུང་གི་ཆེ་མཐོའི་འགོ་དཔོན་ ཕྱི་རྒྱལ་ཁག་གི་ དོན་གཅོད་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བི་དེ་ སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ སྨན་ཁང་ནང་སྦེ་ གཤགས་ཡོདཔ་ད་ དེ་ཡང་ ཀི་ཡོ་ཊོའི་ ཉེ་འདབས་ལུ་ ན་ར་ཁྲོམ་སྡེའི་ནང་ ཁས་བླངས་གསལ་བསྒྲགས་ཀྱི་ གསལ་བཤད་གནང་པའི་སྐབས་ལུ་ ཀྲོབ་མདའ་འབག་མི་ཅིག་གིས་ བཀྲོངས་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་སོ་སོར་ཡོད་མི་ འབྲུག་གི་གཞུང་ཚབ་དང་ དོན་གཅོད་ཡིག་ཚང་ཚུ་ནང་ མྱ་ངན་བརྩི་སྲུང་གི་དོག་ལས་ འབྲུག་གི་རྒྱལ་དར་འདི་ མར་ཕབ་སྟེ་ ཕྱེད་ཀ་སྦེ་ འཕྱར་ཡོདཔ་ཨིན་པས།
དགུང་ལོ་ ༦༧ བཞེས་མི་ ཤིན་ཟོ་ཨེ་བི་གིས་ རྒྱ་པཱན་རྒྱལ་ཁབ་ནང་ བློན་ཆེན་གྱི་ གོ་གནས་ཐོག་ལུ་ དུས་ཡུན་རིངམོ་སྦེ་ ཕྱག་ཞུ་བའི་ཤུལ་ལས་ སྤྱི་ལོ་ ༢༠༢༠ ལུ་ དགོངས་ཞུ་མཛད་ནུག།
འབྲུག་དང་ རྒྱ་པཱན་ ༢ མཐུན་འབྲེལ་ཅན་གྱི་ རྒྱལ་ཁབ་ཨིན་པའི་ཁར་ འབྲུག་གི་གོང་འཕེལ་ནང་ ཆ་རོགས་གལ་ཅན་ཅིག་ཡང་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་འདུག་པའི་གནས་ཚུལ།