
སྒྲོལ་མ་ཡེ་ཤེས།
སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ སྤ་རོ་སྨན་ཁང་ནང་ མཁལ་རྡོག་ཁྲག་སེལ་ཟེར་ མཁལ་རྡོག་ལཱ་མ་འབད་མ་བཏུབ་མི་ཚུ་གི་ ཁྲག་ནང་ལས་ ཆུ་བཏོན་གཏང་ནི་གི་ འཕྲུལ་ཆས་གསརཔ་ཅིག་ གཞི་བཙུགས་འབད་མི་འདི་ གསོ་བའི་བློན་པོ་གིས་ འགོ་འབྱེད་མཛད་ནུག།
རྟེན་འབྲེལ་དེ་ནང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ད་ མཁལ་རྡོག་གི་ ཁྲག་སེལ་ཞབས་ཏོག་འདི་ གསོ་བའི་ལྷན་ཁག་གིས་ འབྲུག་མི་ཡོངས་ལུ་ སྤུས་ཚད་ཅན་དང་ འཇོན་ཐངས་ཅན་གྱི་ གསོ་བའི་ཞབས་ཏོག་ བྱིན་ནི་དང་ རྫོང་ཁག་སོ་སོའི་ སྨན་ཁང་ཚུ་གི་ནང་ཡང་ ཞབས་ཏོག་འདི་ ཐོབ་ཚུགསཔ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་པས།
སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༦ པ་ཚུན་ལུ་ རྒྱལ་ཁབ་ནང་ མཁལ་རྡོག་གི་ ནད་གཞི་ཐོབ་མི་ ནདཔ་ ༢༩༢ ཡོདཔ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་ ༡༨༩ ལུ་ མཁལ་རྡོག་ཁྲག་སེལ་གྱི་ ཞབས་ཏོག་བྱིན་ནུག།
དེ་ཡང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ མཁལ་རྡོག་ཁྲག་སེལ་གྱི་ ཞབས་ཏོག་བྱིན་མི་ ནདཔ་ ༡༨༩ ལས་ ༢༡ སྤ་རོ་ལས་ཨིནམ་ད་ ཞབས་ཏོག་སྤྱོད་མི་ མཐོ་ཤོས་ར་ སྤ་རོ་རྫོང་ཁག་ལས་ཡོདཔ་ཨིན་པས།
ད་རུང་ སྤ་རོའི་མི་སེར་ཚུ་ མཁལ་རྡོག་ཁྲག་སེལ་གྱི་དོན་ལས་ ད་ཚུན་ ཐིམ་ཕུ་ལུ་ འོང་དགོཔ་ཐོན་ཡོད་རུང་ ད་ལས་ཕར་ ཞབས་ཏོག་འདི་ སྤ་རོ་ལུ་ར་ ཐོབ་ཚུགསཔ་བཟོ་སྟེ་ སྐྱིད་སྡུག་གཟིགས་གནང་མི་ལུ་ གསོ་བའི་བློན་པོ་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀའ་དྲིན་དགའ་ཚོར་ ཞུ་ཡོད་ པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1388775
Views Today :
Total views : 5000
Who's Online :