
བདེ་སྐྱིད་ཆོས་སྒྲོན།
སྤུ་ན་ཁ་རྫོང་ཁག་ བརཔ་རྒེད་འོག་གི་ མི་སེར་ཚུ་ འཚོ་བ་གཙོ་བོ་ བྱཱ་དང་ ཀར་ལུ་བརྟེན་ཏེ་ སྡོད་དོ་ཡོདཔ་མ་ཚད་ ཤིང་འབྲས་དང་ ཚོད་བསྲེའི་ རིགས་ཚུ་ཡང་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
རྒེད་འོག་དེ་ནང་ གློག་རིག་ཡོངས་འབྲེལ་དང་ བརྒྱུད་འཕྲིན་ཚུ་ ལེགས་ཤོམ་སྦེ་ཡོད་རུང་ གཡུས་ཚན་ཚུ་ནང་ དཀའ་ངལ་སྦོམ་ཤོས་ར་ འཐུང་ཆུ་དང་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
དེ་ཡང་ སྐྱེས་ལོ་ ༤༢ འབད་མི་ བརཔ་རྒཔོ་ པ་སངས་རྡོ་རྗེ་གིས་ བཤད་ཡོདཔ་ད་ མ་གཞི་ འཐུངཆུའི་དཀའ་ངལ་དེ་ སྦོམ་སྦེ་ར་ཡོདཔ་ལས་ སྤྱི་ལོ་ ༢༠༡༦ གི་ལོར་ ཁོ་རྒཔོ་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ འཐུང་ཆུའི་དཀའ་ངལ་དེ་ འཕྲལ་མགྱོགས་ར་བསལ་ཏེ་ མི་སེར་ཚུ་ལུ་ མ་ལང་ལངམ་སྦེ་ར་ བྱིན་ནི་གི་ དམིགས་གཏད་བསྐྱེད་རུང་ ཧེ་མ་ལས་ ཆུ་དུང་བཙུགས་ཚར་མི་ཚུ་གིས་ ས་ཁོངས་ག་རའི་ནང་ ཁྱབ་མ་ཚུགས་ནི་དེ་གིས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
སྤྱི་ལོ་ ༢༠༡༨ ལས་ འཐུང་ཆུའི་དོན་ལུ་ གྲོས་འཆར་ཅིག་བཙུགས་ཏེ་ རྒྱལ་སྤྱི་འཐུང་ཆུའི་ གྲོགས་རམ་ཐོག་ལས་ མ་དངུལ་གྱི་ རྒྱབ་སྐྱོར་ཅིག་ཡང་ གནང་ཡོདཔ་ལས་ སྤྱི་ལོ་ ༢༠༢༣ ལས་ འཐུང་ཆུའི་ལས་འགུལ་དེ་ འགོ་བཙུགས་ནི་ཨིན་པས།
རྒེད་འོག་དེ་ནང་ གཡུས་ཚན་གོང་འོག་ ༢ ཀྱི་ གཡུར་བ་གཉིས་ཆ་ར་ གཞུང་ལམ་གུ་ ཚུད་དེ་ཡོདཔ་ལས་ ག་དེམ་ཅིག་སྦེ་ ལམ་ཆད་དེ་ གསལ་དགོ་པ་ཅིན་ ས་དང་ རྡོ་ཚུ་ གཡུར་བའི་ནང་ འཛུལ་ནི་གི་ དཀའ་ངལ་དང་ གནམ་བྱཱར་གྱི་སྐབས་ལུ་ ས་རུད་དང་ ཆུ་རུད་ཀྱིས་ འཕྱག་འབག་ནི་གི་ ཉེན་ཁ་ཡང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཡུས་ཚན་གོང་མའི་ནང་ དཀའ་ངལ་སྦོམ་སྦེ་ར་ཡོད་མི་དེ་ རྒེད་འོག་གི་ ཁ་ཐུག་ལས་ ག་དེམ་ཅིག་ར་ ཉམས་བཅོས་འབད་རུང་ ཉམས་བཅོས་མ་འབདཝ་བཟུམ་སྦེ་ར་ མཐོང་དོ་ཡོདཔ་ཨིན་པས།
ད་རེས་ནངས་པར་ཡང་ ས་རུད་ཚར་ ༢ དེ་ཅིག་ ཆད་ཡོདཔ་ལས་ མི་སེར་ཁོང་རང་གིས་ བཅོས་ཁ་རྐྱབ་མི་ལུ་ རྒེད་འོག་གི་ ཁ་ཐུག་ལས་ རྒྱབ་སྐྱོར་སྦོམ་འབད་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཆུའི་རྐ་འགོ་དེ་ ཀི་ལོ་མི་ཊར་ ༨ དེ་ཅིག་གི་ ས་ཁར་ཡོདཔ་ལས་ མ་དངུལ་གྱིས་ ལང་མ་ཚུགས་ཟེར་ བཤདཔ་ཨིན་པས།
རྒཔོ་པ་སངས་རྡོ་རྗེ་གིས་ ལོ་ངོ་ ༡༡ གི་རིང་ལུ་ རྒེད་དྲུང་སྦེ་ ཕྱག་ཞུ་བའི༌ཤུལ༌ལུ་ རྒ་པོའི་བཙག་འཐུ་ ཐེངས་ ༢ པ་དང༌ ༣ པའི་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ཡང་ རྒྱབ་སྐྱོར་འབད་དེ་ རྒ་པོའི་གོ་གནས་ཁར་ བཙག་འཐུ་གྲུབ་ནུག།
རྒེད་འོག་དེ་ཁར་ སྤྱི་འོག་ ༥ གི་ནང་ གུང་གྲངས་ ༧༥༠ དེ་ཅིག་དང་ མི་རློབས་ ༦༢༣༥ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1388798
Views Today :
Total views : 5000
Who's Online :