སྐྱིད་སྡུག་སྦོམ་ཕོག་མི་ མི་ངོམ་དག་པ་ཅིག་ལུ་ འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་ ཟླ་ངོ་ ༣ གྱི་རིང་ལུ་ འཕྲོ་མཐུད་དེ་འཐོབ་ནི།

དུས་ཅི་ སྤྱི་ཟླ་ ༦ པའི་ནང་ལས་ འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་དེ་ མཇུག་བསྡུ་ཡོད་རུང་ ལྟ་བཤལ་ལས་སྡེ་དང་ ཧེ་མ་ སྒྲ་དབྱངས་ནང་ ལཱ་འབད་མི་ལ་སོགས་པའི་ མི་ངོམ་ཚུ་དང་ གཞན་ཡང་ སྐྱིད་སྡུག་སྦོམ་ཕོག་མི་ མི་ངོམ་དག་པ་ཅིག་ལུ་ སྐྱིད་སྡུག་འཕྲོ་མཐུད་དེ་ར་ འཐོབ་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ བློན་ཆེན་གྱི་ ཡིག་ཚང་ལས་ གསལ་སྟོན་འབད་མི་ ཁྱབ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྐྱིད་སྡུག་འཕྲོ་མཐུད་དེ་ སྤྱི་ཟླ་ ༧ པ་ལས་ ༩ པ་ཚུན་ ཟླ་ངོ་ ༣ གྱི་རིང་ལུ་ གནང་འོང་ཟེར་ཨིན་པས།

དེ་བཟུམ་མའི་ སྐྱིད་སྡུག་གནང་མི་དེ་ཡང་ ལྟ་བཤལ་དང་འབྲེལ་བའི་ ལས་སྡེ་ཚུ་ དུས་ཅི་ སྤྱི་ཟླ་ ༩ པའི་ནང་མ་གཏོགས་ འགོ་བཙུགས་མ་ཚུགས་ནི་དེ་གིས་ཨིནམ་ད་ དེ་འབདཝ་ལས་ སྐྱིད་སྡུག་དེ་གི་དོན་ལུ་ ཞུ་ཡིག་ཡང་ ལོགས་སུ་སྦེ་ བཙུགས་མིན་དགོ་ཟེར་ ཁྱབ་བསྒྲགས་ནང་བཀོད་ནུག།

རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་ཞིནམ་ལས་ཚུར་ ད་ཚུན་ ཟླ་ངོ་ ༢༧ གྱི་རིང་ལུ་ མི་ངོམ་བསྡོམས་ ༥༨,༦༦༧ ལུ་ སྐྱིད་སྡུག་གནང་འདུག་པའི་གནས་ཚུལ།