
སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ རྒྱལ་སྤྱི་སྟག་གི་ཉིནམ་ བརྩི་སྲུང་དང་འབྲེལ་ཏེ་ རྒེད་འོག་སྟག་ཉམས་སྲུང་ཚོགས་པ་ འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་སྤྱི་སྟག་གི་ཉིནམ་དེ་ ལོ་ལྟར་བཞིན་དུ་ སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ བརྩི་སྲུང་འབད་དོ་ཡོདཔ་ད་ རྒྱལ་སྤྱི་སྟག་གི་ཉིནམ་ བརྩི་སྲུང་འབད་ནི་དེ་ གཅན་གཟན་སྟག་ཡོད་མི་ རྒྱལ་ཁབ་ ༡༣ གྱིས་ སྤྱི་ལོ་ ༢༠༡༠ ལུ་ འཛམ་གླིང་ནང་ སེམས་ཅན་སྟག་གི་ གྱངས་ཁ་དེ་ ལོག་བལྟབ་ཀྱིས་ ཡར་སེང་རྐྱབ་ནི་གི་ དམིགས་གཏད་བསྐྱེད་དེ་ འགོ་བཙུགས་ནུག།
འབྲུག་རྒྱལ་ཁབ་ནང་ འཛམ་གླིང་རྒྱལ་སྤྱི་ སྟག་གི་ཉིནམ་ ཐེངས་ ༡༢ པ་དེ་ ཀྲོང་གསར་ལུ་ བརྩི་སྲུང་འབད་མི་དང་འབྲེལ་ཏེ་ ཀྲོང་གསར་རྫོང་ཁག་ ནུབ་སྦྱིས་དང་ སྟང་སི་སྦྱིས་ གླང་མཐིལ་ སྐོར་ཕུག་ དེ་ལས་ བུམ་ཐང་ཆུ་སྨད་བརྩིས་ཏེ་ རྒེད་འོག་ ༥ གི་ནང་ གཞུང་འབྲེལ་ཐོག་ལས་ རྒེད་འོག་སྟག་ཉམས་སྲུང་ཚོགས་པ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
སྟག་གི་ཉིནམ་ བརྩི་སྲུང་སྐབས་ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ འབྲེལ་གཏོགས་མཛད་གནང་ཡོདཔ་ད་ ཉིནམ་བརྩི་སྲུང་ཞུ་སར་ ནགས་ཚལ་དང་ སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་གཙོས་པའི་ སྤྱི་ཚོགས་ཀྱི་ འཐུས་མི་དང་ རྫོང་བདག་ ས་གནས་གཞུང་གི་འགོ་ཁྲིདཔ་ དེ་ལས་ རྒེད་འོག་སྟག་སྲུང་ཚོགས་པའི་ འཐུས་མི་ཚུ་གིས་ཡང་ བཅའ་མར་གཏོགས་ནུག།
དེ་བསྒང་ མི་དབང་རྒྱལ་བཙུན་མཆོག་གིས་ སེམས་ཅན་སྟག་ རབས་ཆད་པའི་ ནགས་ཚལ་ནང་ ཚེ་སྲོག་མེད་པའི་ ས་ཆ་བཟུམ་ཅིག་ཨིནམ་ད་ གཅན་གཟན་སྟག་དེ་ ནགས་ཚལ་ནང་གི་ ཚེ་སྲོག་ལྟ་ཆས་ཅིག་ཨིནམ་ལས་ རྒྱ་ཆེཝ་སྦེ་ར་ བལྟ་བ་ཅིན་ ང་བཅས་ འགྲོ་བ་མི་གནས་མི་ འཛམ་གླིང་སྣོད་བཅུད་ཀྱི་ འཚོ་ཁམས་ཨིན་ཟེར་ གསུངས་གནང་ནུག།
སྤྱི་ལོ་ ༢༠༡༤ གི་ རྒྱལ་སྤྱི་སྟག་གི་ བརྟག་ཞིབ་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་ནང་ གཅན་གཟན་སྟག་ ༡༠༣ དེ་ཅིག་དང་ འཛམ་གླིང་ནང་འབད་བ་ཅིན་ སྟག་ ༣,༩༠༠ དེ་ཅིག་ཡོདཔ་ཨིན་པས།
འབྲུག་ལུ་ རྒེད་འོག་སྟག་ཉམས་སྲུང་ཚོགས་པ་ འགོ་བཙུགས་དགོ་མི་དེ་ཡང་ མི་དང་ སྟག་གི་བར་ན་ བྲེལ་ཟིང་སེལ་ཐབས་ལུ་ཨིན་པའི་གནས་ཚུལ།




Users Today : 548
Users Yesterday : 1259
This Month : 30250
This Year : 165939
Total Users : 877755
Views Today : 1255
Total views : 2583632
Who's Online : 2