ལོ་བསྟར་བཞིན་དུ་ རང་ཟླ་ ༦ པའི་ཚེས་ ༤ ལུ་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་ཝ་ར་ཎ་སི་ལུ་ ཆོས་འཁོར་དང་པ་ བདེན་བཞིའི་ཆོས་འཁོར་བསྐོར་བའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུཝ་ཨིན།
དེ་འབདཝ་ལས་ དུས་ཅི་ རང་ཟླ་ ༦ པའི་ཚེས་ ༤ འདི་ སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ ཕོག་ཡོདཔ་ལས་ དད་ལྡན་མི་མང་ཡོངས་ཀྱིས་ ཚོགས་འཁོར་བསྐོར་ནི་དང་ རྒྱལ་བའི་གསུང་རབ་ལྷག་ནི་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་ དགེ་བའི་ལཱ་ལུ་ བརྩོན་དགོཔ་འདི་ ག་ནི་བ་ གལ་ཆེ་ཟེར་ཨིན་པས།
དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ རང་ཟླ་ ༤ པའི་ཚེས་ ༡༥ ལུ་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་འབད་རུང་ ཞག་བདུན་ཕྲག་ ༧ གྱི་རིང་ལུ། ཟབ་བཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། ། ཟེར་གསུང་བཅད་དེ་བཞུགས་ནུག།
དེ་བསྒང་ ལྷ་ཚངས་པ་གིས་ ཚེ་སྔོན་གྱི་སྨོན་ལམ་ སེམས་ཁར་དྲན་ཏེ་ སངས་རྒྱས་བཞུགས་སར་ བཅར་ཞིནམ་ལས། སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས། །དམ་པའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་རབ་ཏུ་འབུད་དུ་གསོལ། །ཟེར་ཙནྡན་གྱི་ ཕྱེ་གཏོར་ཏེ་ ཆོས་ཀྱི་འཁོར་ལོ་ བསྐོར་བར་བསྐུལཝ་ད་ ཞལ་བཞེས་མ་མཛདཔ་ལས་ ལྷ་གཡུས་ལུ་ ལོག་ཡར་སོང་ནུག།
དེ་ལས ལྷའི་དབང་པོ་བརྒྱ་བྱིན་གྱིས་ ནོར་བུ་རིན་པོ་ཆེ་ཕུལ་ཏེ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུས་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། ། འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཟེར་གསོལཝ་བཏབ་རུང་ ཞལ་གྱིས་མ་བཞེསཔ་ཨིན་པས།
ཨིན་རུང་ ད་རུང་ཡང་ ལྷ་ཚངས་པ་གིས་ གསེར་གྱི་འཁོར་ལོ་ རྩིབས་སྟོང་ཕུལ་ཏེ་ ལོག་ཅི་ར་ གསོལཝ་བཏབ་ལས་ སངས་རྒྱས་ཀྱིས། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་ཚེ་འདུ་བྱེད་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཟེར་ཞལ་བཞེས་མཛད་ནུག།
དེ་ལས་ རང་ཟླ་ ༦ པའི་ཚེས་ ༤ ལུ་ འཁོར་ལྔ་སྡེ་བཟང་པོ་གིས་གཙོས་པའི་ ལྷའི་འཁོར་བརྒྱད་ཁྲི་དང་བཅསཔ་ འཚོགས་པའི་སྦུག་ན་ བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ འགོ་དང་པ་ བསྐོར་གནང་ཡོདཔ་ཨིན་པས།
དེ་འབདཝ་ལས་ ང་བཅས་རའི་ འབྲུག་འདི་ ནང་པ་སངས་རྒྱས་པའི་ རྒྱལ་ཁབ་ཅིག་ཨིན་པ་ལུ་བརྟེན་ཏེ་ ལོ་བསྟར་བཞིན་དུ་ རང་ཟླ་ ༦ པའི་ཚེས་ ༤ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ གཞུང་སྒེར་ལས་སྡེའི་ ཡིག་ཚང་ཚུ་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནང་སྟེ་ དུས་ཆེན་འདི་ བརྩི་སྲུང་ཞུཝ་ཨིན་པའི་གནས་ཚུལ།