སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ རྒྱལ་པོའི་ཡིག་ཚང་ལས་ ཡིག་ཚང་དེ་ནང་གི་ གཞི་རིམ་ཞབས་ཏོག་ལས་གཡོགཔ་དང་ སྤྱིར་བཏང་རྒྱབ་སྐྱོར་ལས་གཡོགཔ་ དེ་ལས་ བཀོལ་སྤྱོད་དབྱེ་རིམ་གྱི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་གི་དོན་ལུ་ དམིགས་བསལ་གྱི་ ཚེམས་བཟོའི་སྦྱོང་བརྡར་ཅིག་ འགོ་བཙུགས་ནུག།
དེ་ཡང་ རྒྱལ་པོའི་ཡིག་ཚང་འོག་ལུ་ ལས་འགུལ་དང་ ལས་སྡེ་མ་འདྲ་བའི་ནང་ ཕྱག་ཞུ་མི་ དང་འདོད་ཡོད་མི་ཚུ་ མི་གྲངས་ ༧༠ གིས་ ཟླ་ངོ་ ༣ གྱི་ ཚེམས་བཟོའི་སྦྱོང་བརྡར་ནང་ གྲལ་གཏོགས་འབད་དོ་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ རྒྱལ་པོའི་ཡིག་ཚང་གིས་ ཁོང་རའི་ལས་གཡོགཔ་ཚུ་ལུ་ འབབ་ཁུངས་ཡོད་པའི་ ལག་རྩལ་གསརཔ་ ལྷབ་སྦྱང་འབད་ནིའི་ གོ་སྐབས་ཀྱི་དོན་ལས་ སྦྱོང་བརྡར་མ་འདྲཝ་ཚུ་ བྱིན་ནི་གི་ འཆར་གཞིའི་ཆ་ཤས་ཅིག་ཨིན་པས།
གསར་བཏོད་ལས་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཟླཝ་འདི་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ལས་སྡེ་རང་སོའི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་ལུ་ འོས་འབབ་ཡོད་མི་ སྦྱོང་བརྡར་ཚུ་ འཚོལ་ཞིབ་འབད་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ཨིནམ་ད་ ཞི་གཡོག་ལས་སྡེའི་ འགོ་ཁྲིདཔ་སྡེ་ཚན་ཅིག་ལུ་ མཇལ་འཕྲད་གནང་པའི་སྐབས་ལུ་ མི་དབང་ཞབས་ལས་ གཞི་རིམ་/སྤྱིར་བཏང་རྒྱབ་སྐྱོར་དབྱེ་ཁག་གི་ ཞི་གཡོགཔ་ཚུ་ དགོངས་ཞུ་འབད་བའི་ཤུལ་ལུ་ དངུལ་འབྲེལ་བརྟན་གཞིའི་སྐོར་ལས་ ཐུགས་ཀྱི་ཚ་གྱང་ཡོདཔ་སྦེ་ གསུངས་གནང་ནུག།
མི་དབང་ཞབས་ལས་ ལས་སྡེ་ཚུ་གིས་ རང་སོའི་ལས་གཡོགཔ་ཚུ་གིས་ ཁོང་རའི་ཚེ་སྨད་ལུ་ འབབ་ཁུངས་བཟོ་ཚུགས་ནིའི་དོན་ལས་ ལག་རྩལ་གསརཔ་ འཐོབ་ཐབས་ཀྱི་ གོ་སྐབས་ཚུ་ གསར་བཏོད་འབད་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེ་ལས་ མི་དབང་ཞབས་ཀྱི་ བཀའ་རྒྱ་ལྟར་དུ་ རྒྱལ་པོའི་ཡིག་ཚང་གིས་ ཚེམས་བཟོའི་སྦྱོང་བརྡར་དེ་ དུས་ཡུན་ཐུང་ཀུ་ཅིག་ནང་ ཟད་འགྲོ་དམའ་མཐའི་སྒོ་ལས་ ཧོབ་ལས་འགུལ་གྱི་ ཐོན་ཁུངས་ཚུ་ ལག་ལེན་འཐབ་སྟེ་ མོ་བཏབ་ལས་རིམ་ཅིག་སྦེ་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ཧོབ་ལས་འགུལ་དེ་གིས་ འདས་པའི་ལོ་ངོ་ཚུ་ནང་ དྲག་པོའི་དམག་མི་ཚུ་གི་ ཨམ་སྲུ་ཚུ་གི་དོན་ལུ་ གཞི་རིམ་ཚེམས་བཟོའི་ སྦྱོང་བརྡར་ཚུ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།
རྒྱལ་པོའི་ཡིག་ཚང་གིས་ ཟད་འགྲོ་ལྕི་དྲགས་གཏང་ནི་ སྔོན་འགོག་གི་དོན་ལུ་ བག་ཟོན་ཅན་གྱི་ འཆར་དངུལ་ཐོག་ལས་ ལག་ལེན་འཐབ་ནིའི་ ཀུན་སློང་ཡོད་མི་ ལས་རིམ་འདི་གིས་ ལས་གཡོགཔ་ཚུ་ ལྕོགས་གྲུབ་ཅན་བཟོ་ནི་དང་ མི་མང་ལས་གཡོག་གི་ དུས་ཡུན་ཧྲིལ་བུར་ ཚེ་གཡོག་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ཀྱི་ རེ་བ་ཨིན་པའི་གནས་ཚུལ།