
འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བསྡུ་བཀོད་འབད་བའི་གནས་ཚུལ།
བདེ་སྐྱིད་ཆོས་སྒྲོན།
སྐྱེས་ལོ་ ༢༠ འབད་མི་ བཀྲིས་སྒྲོལ་མ་ (མིང་རྫུན་མ) སྐྱེས་ལོ་ ༦ དེ་ཅིག་ཁར་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ ངོས་འཛིན་བྱུང་སྟེ་ ལོ་ངོ་ ༡༥ ལྷགཔ་ཅིག་ སོང་ཡོད་རུང་ ད་རེས་ མོ་རའི་རྨགཔ་དང་གཅིག་ཁར་ མི་ཚེ་དགའ་ཏོག་ཏོ་ སྐྱོང་སྡོད་སར་ མཐོངམ་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༠༧ ལུ་ སི་ཌི་ཕོར་ཟེར་མི་ བརྟག་དཔྱད་འབདཝ་ད་ མོ་ལུ་ ཨེཆ་ཨའི་ཝི་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ལས་ མོ་ར་སློབ་གྲྭའི་ནང་ འགྱོ་བའི་སྐབས་ལུ་ ཨེཆ་ཨའི་ཝིའི་སྐོར་ལས་ བརྡ་བྱང་གུ་མཐོངམ་ལས་ མོ་གིས་ མོ་རའི་ཆ་རོགས་ལུ་ མོ་ལུ་ ཨེཆ་ཨའི་ཝི་ ཐོབ་ནུག་ཟེར་ སླབ་ཡོདཔ་ཨིན་པས།
བཀྲིས་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅི་ དེ་གི་ནངས་པར་ མོ་གི་ཆ་རོགས་དེ་གིས་ སློབ་ཕྲུག་ཆ་རོགས་ག་ར་ལུ་ སླབ་ཡོདཔ་ལས་ དར་ཁྱབ་ཡར་སོང་ཡོད་རུང་ དེ་བསྒང་ མོ་ར་ ལོ་ན་ཆུང་ཀུ་འབད་ནི་དེ་གིས་ མནོ་བསམ་ག་ནི་ཡང་ བཏང་མ་ཤེས་པས་ཟེར་ཨིནམ་ད་ མོ་ལུ་ ནད་འབུབ་དེ་ མོ་རའི་ཨའི་ལས་ འབུ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ལུ་ ཨེཆ་ཨའི་ཝི་འདུག་ཟེར་ མི་ག་ར་གིས་ ཁ་བཏང་ཐོག་ལས་ མོ་སྡོད་སར་ སྡོད་མ་བཏུབ་མ་ཚད་ ཨ་ལོའི་ཕམ་ཚུ་གི་ འཛོམས་འདུའི་སྐབས་ལུ་ཡང་ སློབ་གྲྭའི་ནང་ ནད་གཞི་ཨེཌཛ་ཡོད་མི་ བུམོ་ཅིག་ཡོདཔ་ལས་ ཁོང་གི་ཨ་ལོ་ཚུ་ལུ་ འབུ་འོང་ཟེར་བའི་ ཁ་བཏང་པ་ལུ་བརྟེན་ཏེ་ མོ་ར་ དཔེ་ཆ་ལྷབ་པའི་ གནས་སྐབས་ནང་ཡང་ དཀའ་ངལ་སྦོམ་ཐོན་ཏེ་ སློབ་གྲྭའི་ནང་ལས་ ཐོན་སྡོད་དགོཔ་ བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ མོ་ གཡུས་ཁར་འགྱོ་བའི་སྐབས་ལུ་ཡང་ གཡུས་ཁའི་མི་ཚུ་གིས་ མོ་འོང་སར་མཐོངམ་ཅིག་ ཟུར་སུ་ཅིག་སྦེ་ སྡོད་པའི་ཁར་ མོ་རའི་ སྤུན་ཆ་ཚུ་གི་ཡང་ མོ་གིས་ བཞེས་སྒོ་ཟ་མི་ཧོད་ཚུ་ སོ་སོར་བཞག་སྟེ་ གནམ་མེད་ས་མེད་ ཉེ་རིང་ཕྱེ་ཡི་ཟེར་ བཤདཔ་ཨིན་རུང་ ལྷག་བསམ་གྱི་ ཁ་ཐུག་ལས་ མོ་ལུ་ ག་ཅི་དགོཔ་ཅིག་གི་ རྒྱབ་སྐྱོར་འབད་ཡོདཔ་ལས་ ད་རེས་ གཉེན་ཅིག་ཡང་རྐྱབ་སྟེ་ མི་གཞན་བཟུམ་སྦེ་ར་ མོ་རའི་མི་ཚེ་སྐྱོང་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ ནད་གཞི་ཡོད་རུང་ སྨན་བཅོས་འབད་དེ་ སྨན་ཚུ་ དུས་ཚོད་ཁར་ ཟ་བ་ཅིན་ ཨ་རྟག་ག་ཨིནམ་སྦེ་ར་ སྡོད་ཚུགསཔ་ལས མི་ཚུ་གིས་ ཨེཆ་ཨའི་ཝི་ཡོད་མི་ ཨ་ལོ་དང་ ན་གཞོན་ཚུ་ལུ་ ཆགས་སྡང་ཕྱོགས་རིས་མ་འབད་བར་ འདྲ་མཉམ་གྱི་ཐོག་ལས་ བརྩི་མཐོང་བསྐྱེད་དགོཔ་མ་ཚད་ ནད་གཞི་ཡོད་མི་ ཨ་ལོ་གཞན་ཚུ་ཡང་ སེམས་མ་སྐྱོ་བར་ དགའ་ཏོག་ཏོ་སྦེ་ སྡོད་ཐོག་ལུ་ དཔེ་ཆ་ཚུ་ཡང་ སེམས་ཤུགས་བསྐྱེད་དེ་ ལྷབ་དགོ་ཟེར་ བཀྲིས་སྒྲོལ་མ་གྱིས་ བཤདཔ་ཨིན་པས།
སྤྱི་ལོ་ ༡༩༩༣ ལས་ ༢༠༢༢ སྤྱི་ཟླ་ ༦ པ་ཚུན་ལུ་ རྒྱལ་ཁབ་ནང་ ནད་འབུབ་ཨེཆ་ཨའི་ཝི་ཐོབ་མི་ ཕོ་སྐྱེས་ ༤༣༣ དང་ ཨམ་སྲུ་ ༤༠༢ བརྩིས་ཏེ་ མི་གྲངས་བསྡོམས་ ༨༣༥ དེ་ཅིག་ཡོདཔ་ད་ དེ་ཡང་ ཕོ་སྐྱེས་བརྒྱ་ཆ་ ༥༢ དང་ ཨམ་སྲུ་བརྒྱ་ཆ་ ༤༨ ཡོདཔ་བཞིན་དུ་ ནད་འབུབ་ཨེཆ་ཨའི་ཝི་ཡོད་མི་ ཨ་ལོའི་ཨའི་ ༡༣༩ དེ་ཅིག་དང་ ཨའི་ལས་ ཨ་ལོ་ལུ་འབུ་བའི་ གནད་དོན་ཁག་ ༤༢ དེ་ཅིག་ཡོདཔ་ལས་ ཨའི་ལས་ ཨ་ལོ་ལུ་ ཨེཆ་ཨའི་ཝི་འབུ་བའི་ གནད་དོན་དེ་ འགོ་དང་པ་ སྤྱི་ལོ་ ༢༠༠༢ ལུ་ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༠༦ ལུ་ གསོ་བ་ལྷན་ཁག་གིས་ ཨའི་ལས་ ཨ་ལོ་ལུ་ ནད་འབུབ་འབུ་ནི་ལས་ བཀག་ཐབས་ལས་རིམ་ (PMCT) ཅིག་ གཞི་བཙུགས་འབད་དེ་ ཨའི་ ༡༣༩ དེ་ཅིག་ལུ་ ནད་འུབ་ཨེཆ་ཨའི་ཝི་ཡོདཔ་སྦེ་ ངོས་འཛིན་བྱུང་པའི་ཤུལ་ལས་ ཁོང་རའི་ཨ་ལོ་ཚུ་ལུ་ འབུ་ནི་ལས་ བཀག་ཚུགས་ནུག།
ད་རེས་ ཨའི་ལས་ ཨ་ལོ་ལུ་ ནད་གཞི་འབུ་ཡོད་པའི་ གནད་དོན་ཁག་ ༤༢ ལས་ ལ་ལོ་ཅིག་ སྤྱི་ལོ་ ༢༠༠༦ ལུ་ ནད་གཞི་བཀག་ཐབས་ལས་རིམ་ (PMCT) འགོ་མ་བཙུགས་པའི་ ཧེ་མ་དང་ དེ་བཟུམ་མའི་ ཞབས་ཏོག་མ་ལེན་མི་ དེ་ལས་ ཨམ་སྲུ་ཨ་ལོ་ཆགས་མི་ཚུ་ལུ་ ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༠༦ ལས་ ༢༠༡༧ ཚུན་ ཨམ་སྲུ་ཨ་ལོ་ཆགས་མི་ཚུ་ ལན་ཐེངས་ ༡ ལས་བརྒལ་ཏེ་ ནད་གཞི་ཨེཌཛ་གི་ བརྟག་དཔྱད་འབད་སྲོལ་མེདཔ་ལས་ ནད་གཞི་དེ་ བདའ་མ་ཟུན་པར་ ལུས་ཡོདཔ་ད་ ལ་ལོ་ཅིག་ ཨ་ལོ་སྐྱེས་ཚར་བའི་ཤུལ་ལས་ ཨེཆ་ཨའི་ཝི་ ཐོབ་ནི་དེ་གིས་ ཨ་ལོ་ལུ་ ཨོམ་ལས་ཐོབ་ནུག་ཟེར་ མི་མང་གསོ་བའི་ལས་ཁུངས་ཀྱི་ རྒྱལ་ཡོངས་ནད་འབུབ་ ཨེཆ་ཨའི་ཝི་ བཀག་ཐབས་ལས་རིམ་གྱི་ འཛིན་སྐྱོང་འགོ་དཔོན་ ལས་སྐྱིད་མཁའ་འགྲོ་གིས་ བཤདཔ་ཨིན་པས།
ལྷག་བསམ་གྱི་ བཀོད་ཁྱབ་མདོ་ཆེན་ དབང་དྲག་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ ཨའི་ལས་ ཨ་ལོ་ལུ་ ཨེཆ་ཨའི་ཝི་ཐོབ་མི་ ཨ་ལོ་ ༤༢ ལས་ ༢༣ དེ་ཅིག་ ལྷག་བསམ་གྱི་ འཐུས་མི་སྦེ་ཡོདཔ་ད་ ཁོང་ཨ་ལོ་ཚུ་ལུ་ ཉིན་གྲངས་ ༥ གི་རིང་ལུ་ ཨེཆ་ཨའི་ཝི་ སྨན་བཅོས་ཤེས་ཡོན་གྱི་ སྦྱོང་བརྡར་བྱིན་དོ་ཟེར་ཨིན་པས།
དེ་བཟུམ་མའི་ སྦྱོང་བརྡར་གྱིས་ ཨ་ལོ་ཚུ་ལུ་ ཨེཆ་ཨའི་ཝི་ཡོད་པའི་སྐོར་ལས་ ཤེས་བཅུག་པའི་ཤུལ་ལུ་ སེམས་སྐྱོ་མ་བཅུག་པར་ བློ་སྤོབས་བསྐྱེད་བཅུག་སྟེ་ སྨན་བཅོས་ཀྱི་ཐོག་ལས་ སྨན་ཚུ་ དུས་ཚོད་ཁར་ ཟ་བཅུག་ནི་དང་ མི་སྡེའི་ནང་ འབྲེལ་བ་འཐབ་ཐངས་ཚུ་གི་སྐོར་ལས་ཡང་ སྟོན་བྱིནམ་བཞིན་དུ་ སྤྱི་ལོ་ ༢༠༡༡ ལས་ ལྷག་བསམ་གྱིས་ ཨ་ལོ་ཚུ་ དཔེ་ཆ་ལྷབ་པའི་ དུས་ཚོད་ཁར་ རྒྱབ་སྐྱོར་འཚོལ་ཏེ་ ཆ་རོགས་འབད་བའི་གུ་ ཆ་རོགས་གཞན་ཡང་འབདཝ་ཨིན་པས།
འཛིན་སྐྱོང་འགོ་དཔོན་ ལས་སྐྱིད་མཁའ་འགྲོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༣༠ གི་ ནང་འཁོད་ལུ་ (Pre-validation Assessment) ཟེར་ ནད་འབུབ་ཚུ་ འབུ་ནི་ལས་ རྩ་མེད་བཏང་ནི་གི་ འཆར་གཞི་ཚུ་ཡང་ བརྩམ་སྟེ་ཡོདཔ་ད་ ནད་གཞི་ཐོབ་མི་ག་ར་ལུ་ སྨན་བཅོས་འབད་དགོ་པའི་ སྲིད་བྱུས་ཡང་ཡོདཔ་ཨིན་པས།
ད་རུང་ ཁོ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ ནད་གཞི་ཡོད་མི་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་མེད་རུང་ རྫོང་ཁག་ ༢༠ གི་ནང་ སྨན་བཅོས་འབད་ནི་དང་ ནདཔ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཝི་སི་ཀྲི་ (VCT) ངོ་ཚབ་ཚུ་བཙུགས་ཏེ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་དང་ ནད་གཞི་བརྟག་དཔྱད་ཀྱི་ མཐུན་རྐྱེན་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ཨེཆ་ཨའི་ཝི་དེ་ སྦོ་ལོགས་ཁར་ སྡོདཔ་ཙམ་ཅིག་གིས་ འབུ་ནི་གི་ ནད་གཞི་ཅིག་མིན་རུང་ ད་ལྟོའི་བར་ན་ཡང་ མི་མང་གིས་ ནད་གཞི་ཡོད་མིའི་ སྦོ་ལོགས་ཁར་ སྡོད་ནི་དང་ འབྲེལ་བ་འཐབ་ནི་ཚུ་ལུ་འདྲོག་སྟེ་ ཆགས་སྡང་་ཕྱོགས་རིས་ཐོག་ལུ་ ཁ་བཏང་དོ་ཡོདཔ་ལས་ འབྲུག་མི་ཚུ་ ཆོས་སེམས་ཅན་ཨིན་ཟེར་མི་དང་ འགལ་བ་འགྱོ་དོ་ཡོདཔ་ལས་ མི་མང་ག་ར་གིས་ ནད་འབུབ་ཡོད་མི་ཚུ་ སྣང་མེད་བསྐྱུར་ཏེ་ མ་བཞག་པར་ རྒྱབ་སྐྱོར་གང་དྲག་འབད་དགོཔ་དེ་ གལ་ཆེ་ནི་ཨིན་པའི་གནས་ཚུལ།





Users Today : 488
Users Yesterday : 3959
This Month : 51252
This Year : 488245
Total Users : 1200061
Views Today : 681
Total views : 3239187
Who's Online : 31