
སྤྱི་ཟླ་ ༨ པའི་ཚེས་ ༣༡ ལུ་ འབྲུག་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ རྒྱལ་ཁབ་མདོ་ཆེན་དང་ གནས་སྡོད་སྐུ་ཚབ་གསརཔ་ ཨམ་ཀ་རི་ མ་རི་སཱན་གྱིས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ལུ་ ངོ་སྤྲོད་ཡིག་ཆ་ཚུ་ཕུལ་ནུག།
ཀེ་ན་ཌའི་ མི་ཁུངས་ཨིན་མི་ གནས་སྡོད་སྐུ་ཚབ་དེ་ དུས་ཅི་ སྤྱི་ཟླ་ ༧ པའི་ནང་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ བཀོད་ཁྱབ་མདོ་ཆེན་ ཌེ་ཝིཌ་ ཨེམ་ བིཛ་ལེ་གིས་ རྒྱལ་ཁབ་མདོ་ཆེན་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
འབྲུག་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ གནས་སྡོད་སྐུ་ཚབ་མེད་པར་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་ ལུས་པའི་ཤུལ་ལུ་ ད་རེས་ དེ་སྦེ་ བསྐོ་བཞག་འབད་མི་དེ་ འབྲུག་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ རྒྱབ་སྐྱོར་བསྐྱར་གསོའི་ བརྡ་མཚོན་སྟོནམ་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ སྤྱི་ལོ་ ༡༩༧༤ ལས་ འབྲུག་ལུ་ གྲོགས་རམ་འབད་ནི་ འགོ་བཙུགས་ཡོདཔ་ད་ ད་རེས་ འབྲུག་གཞུང་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་དང་ རྐྱེན་ངན་མར་ཕབ་ དེ་ལས་ བཟའ་འཐུང་ལམ་ལུགས་ ཡར་དྲག་གཏང་ནི་དང་ ཟས་བཅུད་ཉེན་སྲུང་གི་ ས་གོ་ཚུ་ནང་ མཉམ་འབྲེལ་འབདཝ་ཨིན་པས།
འཛམ་གླིང་བཟའ་སྤྱོད་ལས་རིམ་དེ་ འཛམ་གླིང་ནང་ འགྲོ་བ་མིའི་ལས་སྡེ་ སྦོམ་ཤོས་ཅིག་པའི་ཁར་ འཛམ་གླིང་ནང་ དམག་འཁྲུག་ལུ་བརྟེན་ཏེ་ བཀྲེས་སྐོམ་གྱི་ སྡུག་བསྔལ་མྱོང་མི་ཚུ་ལུ་ ཁྱད་དུ་འཕགས་པའི་ ཞལ་འདེབས་ཚུ་འབད་བའི་ ངོས་འཛིན་ལུ་ སྤྱི་ལོ་ ༢༠༢༠ ལོར་ འཛམ་གླིང་ཞི་བདེའི་ གསོལ་རས་ཡང་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1428781
Views Today :
Total views : 5000
Who's Online :