
ལྷག་པ་གྲུབ་པ།
དུས་ཅི་ རང་ཟླ་ ༨ པའི་ཚེས་ ༥ སྤྱི་ཟླ་ ༩ པའི་ཚེས་ ༣༠ ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ དཔལ་ལྡན་ལྷ་མོ་ གཙོ་འཁོར་གྱི་ དངོས་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནང་ནི་ཨིནམ་ལས་ ཐིམ་ཕུ་ཆ་འདུས་ཀྱི་ གཞུང་སྒེར་ཡིག་ཚང་ཚུ་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནང་ནི་ཨིན་པས།
དེ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་ ༨ པའི་ཚེས་ ༥ ལས་ ༧ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ལྷ་མོ་སྒྲོམ་མཆོད་ཀྱི་ སྐུ་འཆམ་སྣ་ཚོགས་དང་ རང་ཟླ་ ༨ པའི་ཚེས་ ༨ ལུ་ ཟོར་འཆམ་རྒྱས་པ་གནང་སྟེ་ ལྷ་མོའི་སྒྲུབ་མཆོད་དེ་ གྲོལ་གནངམ་ཨིན་པས།
ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ ག་ནི་བ་ བྱིན་རླབས་ཆེ་བའི་ ལྷ་དབང་སྒྲུབ་ཆེན་འདི་ དཔལ་ཞབས་དྲུང་རིན་པོ་ཆེའི་གདུང་སྲས་ འཇམ་དཔལ་རྡོ་རྗེའི་ ཡང་སྲིད་དང་པ་ མཆོག་སྤྲུལ་ཀུན་དགའ་རྒྱལ་མཚན་ནམ་ རྒྱལ་སྲས་གྷ་ཎ་པ་ཏི་མཆོག་གིས་ རབ་བྱུང་ ༡༢ པའི་ གནམ་ལོ་ལྕགས་སྟག་ སྤྱི་ལོ་ ༡༧༡༠ ལུ་ གཞི་བཙུགས་གནང་ནུག་ཟེར་ གཞུང་གྲྭ་ཚང་གི་དུང་སློབ་ སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཐིམ་ཕུ་ལྷ་མོའི་སྒྲུབ་མཆོད་ཀྱི་ རྣམ་བཤད་ལྟར་དུ་འབད་བ་ཅིན་ གནམ་ལོ་མེ་ཕག་ཟླཝ་ ༨ པའི་ནང་དང་ སྤྱི་ལོ་ ༡༧༠༧ ལུ་ རྒྱལ་སྲས་གྷ་ཎ་པ་ཏི་མཆོག་གིས་ འགོ་བཙུགས་གནང་ནུག་ཟེར་ཨིན་པས།
ག་དེ་སྦེ་ཨིན་རུང་ དེ་བཟུམ་མའི་ སྐུ་འཆམ་འདི་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་མཆོག་གི་ ཉམས་སྣང་ལུ་ དཔལ་ལྡན་ལྷ་མོ་གིས་ ཞལ་དངོས་སུ་སྦེ་ སྟོན་གནང་པའི་ ཟབ་མོ་དག་སྣང་གི་ འཆམ་འདི་ལུ་ དཔལ་ལྡན་ལྷ་མོའི་རྒྱུད་ མེ་ལྕེ་འབར་མ་དང་ དངོས་གྲུབ་འབྱུང་བ་དང་ ཁྲག་མཚོ་ཁོལ་མ་ལ་སོགས་པ་དང་འཁྲིལ་ཏེ་ དཔལ་ལྡན་ལྷ་མོ་ གཙོ་འཁོར་དང་བཅས་པ་ སྔོན་སློབ་པ་ལམ་གྱི་ གནས་སྐབས་ཀྱི་ མཛད་པ་དང་ ད་ལྟོ་ སངས་རྒྱས་ཤཱཀྱ་ཐུབ་པའི་ བསྟན་པ་ལུ་ བསྟན་པ་དང་ སེམས་ཅན་ལུ་ བྱ་བ་བྱེད་ཚུལ་སྟོན་པའི་ གར་འཆམ་ཅིག་ཨིན་ཟེར་ དུང་སློབ་ཀྱིས་ བཤདཔ་ཨིན་པས།
དེ་སྦེ་ ལྷ་མོ་གཙོ་མོ་ཟེར་ ཞུ་མི་དེ་ཡང་ གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །ཟེར་གསུངས་དོ་བཟུམ་སྦེ་ ལྷ་མོ་གཙོ་མོ་བཞིའི་ དངོས་འཆམ་གྱིས་གཙོས་པའི་ རྒྱུ་མཚན་གྱིས་ ལྷ་མོ་གཙོ་མོའི་ གར་འཆམ་ཟེར་ ཞུ་དོ་ཡོདཔ་ཨིན་པས།
ལྷ་མོ་གཙོ་མོའི་ སྐུ་འཆམ་སྐབས་ལུ་ དཔལ་ལྡན་ལྷ་མོ་གིས་གཙོས་པའི་ འཁོར་བཞི་གིས་ གར་དགུའི་ཉམས་དང་ལྡན་པའི་སྒོ་ལས་ བསྐྱི་ཟིང་ཟིང་སྦེ་ མི་མང་ལུ་མཇལ་ཁ་གནང་སྟེ་ མཆོག་དང་མཐུན་མོང་གི་ དངོས་གྲུབ་གནང་པའི་ནང་ལས་ ལྷག་པར་དུ་ དཔལ་ལྡན་ལྷ་མོ་དུད་སོལ་མ་ དངོས་སུ་བྱོན་དོ་བཟུམ་མའི་ གཟི་བརྗིད་ཆེ་བ་དང་ དཔའ་མོའི་གར་གི་ཉམས་དོད་པ་ བྱིན་རླབས་ཤིན་ཏུ་ཆེ་བའི་ དཔལ་ལྡན་ལྷ་མོ་ དུད་སོལ་མ་དང་ འཁོར་གཅེས་བུ་རལ་ཅན་ ༣ དང་བཅས་པའི་ གར་འཆམ་བྱོན་ཏེ་ བསྟན་པ་དང་ སེམས་ཅན་ལུ་གནོད་པའི་ དགྲ་བགེགས་འབྱུང་པོ་ཚུ་ག་ར་ དམིགས་མེད་ཆོས་ཀྱི་དབྱིངས་ལུ་ བསྒྲལ་བའི་ཚུལ་སྟོནམ་ཨིན་པས།
དེ་བསྒང་ འཆམ་དཔོན་ལྷ་མོ་རེ་མ་ཏི་གིས་གཙོས་པའི་ ལྷ་མོ་དཀར་སེར་དམར་ལྗང་ ༤ སྒོ་མཚམས་ ༨ དང་ གདོང་ཅན་ ༤ གིས་ སྐུ་འཆམ་སྟོན་གནང་དོ་ཡོདཔ་ད་ དེ་ཡང་ སྔོན་གྱི་དུས་ལུ་ དཔལ་ལྡན་ལྷ་མོ་འདི་ ལྷའི་བུམོ་མཛེས་ཏོག་ཏོ་སྦེ་ བཞུགས་པའི་སྐབས་ལུ་ རེ་མ་ཏི་གིས་ ལྷ་མོ་རེ་རེ་བཞིན་དུ་ཁྱིད་དེ་ སྲིན་པོའི་རྒྱལ་པོའི་ མནའ་མར་བྱོན་ཏེ་ འཇིག་རྟེན་གྱི་ཁམས་ལུ་ ལོག་བྱོན་ཚུལ་སྟོནམ་ཨིན་ཟེར་ དུང་སློབ་ཀྱིས་ བཤདཔ་ཨིན་པས།
དེ་ལས་ གཞན་ཡང་ དུང་སློབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷ་མོ་གཙོ་མོའི་ སྐུ་འཆམ་འདི་ དད་པ་དག་སྣང་བསྐྱེད་དེ་ མཇལ་བ་ཅིན་ ཚེ་འདི་ཁར་ འགལ་རྐྱེན་བར་ཆད་ཚུ་སེལ་ཏེ་ ཚེ་ཕྱི་མར་ ཐར་པ་དང་ སངས་རྒྱས་ཀྱི་ གོ་འཕང་འཐོབ་ནི་གི་ དགོས་པ་དང་ ཁྱད་པར་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྤྱིར་འཇིག་རྟེན་གྱི་ ཁམས་འདི་ནང་ ནད་ཡམ་མུ་གེ་དང་ དམག་འཁྲུག་ཚུ་མེད་པར་ བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལུ་ ལོངས་སྤྱོད་ནི་དང་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ གོང་ལས་གོང་དུ་འཕེལ་ནི་ ལྷག་པར་དུ་ཡང་ འབྲུག་རྒྱལ་ཁབ་འདི་ནང་ བདེ་སྐྱིད་ཀྱི་ ཉིམ་ཤར་ཐོག་ལུ་ ལོ་དུས་ཅི་འཛོམས་སར་ སང་ཕོད་ཡང་འཛོམས་ཏེ་ ཞལ་ཡང་ཡང་མཇལ་བའི་ སྨོན་ལམ་ཞུ་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ ནང་ཁོག་པའི་གཏིང་ལས་ར་ ལུས་ལུ་ན་ཚ་དང་ སེམས་ལུ་སྡུག་བསྔལ་མེད་པར་ སང་ཕོད་ཡང་ དཔལ་ལྡན་ལྷ་ཙོའི་ སྒྲུབ་ཆེན་འདི་ མཇལ་ཚུགས་པའི་ སྨོན་ལམ་བཏབ་དགོཔ་འདི་ གལ་ཆེ་ཟེར་ དུང་སློབ་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།







Users Today : 759
Users Yesterday : 3216
This Month : 7579
This Year : 444573
Total Users : 1156389
Views Today : 832
Total views : 3173189
Who's Online : 13