ཞི་གཡོག་ནང་ཡོད་མི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་ལུ་ རིག་རྩལ་ལྕོགས་གྲུབ་ གོང་འཕེལ་ལས་རིམ།

རྡོ་རྗེ་དབང་ཕྱུག།

ཞི་གཡོག་ནང་ཡོད་མི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་གི་ རིག་རྩལ་ལྕོགས་གྲུབ་ གོང་འཕེལ་ལས་རིམ་ གསར་བཏོད་འབད་མིའི་ ཆ་ཤས་སྦེ་ དམིགས་བསལ་གྱི་ ཚེམས་བཟོའི་སྦྱོང་བརྡར་ གཞི་བཙུགས་གནང་པའི་ཤུལ་ལུ་ མི་དབང་རྒྱལ་པོའི་ དྲུང་ཆེན་ཡིག་ཚང་ལས་ ད་རུང་ཡང་ སྦྱོང་བརྡར་ལས་རིམ་ ཁ་སྐོང་ཁག་ ༢ འགོ་བཙུགས་གནང་ནུག།

དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལུ་ ཨེན་ཨེལ་ཌི་ སྦྱོང་བརྡར་སྤེལ་ཁང་ནང་སྦེ་ ཁ་ཟས་བཟོ་ནི་དང་ བཞེས་སྒོ་འབད་ཐངས་ཀྱི་ རིག་རྩལ་ཚུ་ ཟླ་ངོ་ ༡ གི་རིང་ལུ་ ལྷབ་སྦྱང་འབད་ནིའི་དོན་ལས་ འགོ་འབྱེད་འབད་མི་དེ་ནང་ བཅའ་མར་གཏོགས་མི་ མི་གྲངས་ ༢༠ ཡོདཔ་ཨིན་པས།

སྦྱོང་བརྡར་འགོ་འབྱེད་ཀྱི་ ལས་རིམ་ནང་ གཟིམ་དཔོན་འོགམ་ ཉིམ་ཚེ་རིང་གྱིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་མི་འདི་ གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ལས་འཁྲུངས་པའི་ བཀའ་རྒྱ་ལྟར་དུ་ ཞི་གཡོག་གི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་ ཞི་གཡོག་ནང་ སྡོད་པའི་རིང་ལུ་ འོང་འབབ་བཟོ་ཐབས་ཀྱི་ རིག་རྩལ་གསརཔ་ཚུ་ ལྷབ་སྦྱང་འབད་ནི་གི་ གོ་སྐབས་གསར་བཏོད་དང་ ལས་གཡོགཔ་ཚུ་ དགོངས་ཞུ་འབད་བའི་ཤུལ་ལུ་ མི་ཚེའི་རིང་ལུ་ འོང་འབབ་བཟོ་ནི་གི་ རིག་རྩལ་ཚུ་གི་སྒོ་ལས་ དངུལ་འབྲེལ་ཉེན་སྲུང་ ཡར་དྲགས་གཏང་ནི་ལུ་ དམིགས་གཏད་སྐྱེད་དེ་ཨིན་ཟེར་བཤད་ནུག།

རིག་རྩལ་གསར་བཏོད་ ལས་རིམ་འདི་གི་ ཆ་ཤས་སྦེ་ སྤྱི་ཟླ་ ༩ པའི་ཚེས་ ༢༢ ལས་ འགོ་བཟུང་སྟེ་ ཟླ་ངོ་ ༣ གྱི་རིང་ལུ་ བཅའ་མར་གཏོགས་མི་ ༢༢ ཀྱིས་དཀར་གསལ་ཟླ་བ་ སྦྱོང་བརྡར་སྤེལ་ཁང་ནང་སྦེ་ དེད་གཡོག་གི་ སྦྱོང་བརྡར་འབད་ནི་ཡང་ འགོ་བཙུགས་ཅི་ཟེར་ཨིན་པས།

དེ་དང་གཅིག་ཁར་ མི་དབང་མངའ་ཞབས་མཆོག་གིས་ གཞི་གཡོག་ལས་སྡེ་ཁག་ལུ་གནང་མི་ བཀའ་རྒྱ་དང་འཁྲིལ་ཏེ་ མི་དབང་རྒྱལ་པོའི་ དྲུང་ཆེན་ཡིག་ཚང་གི་ ཁ་ཐུག་ལས་ རིག་རྩལ་སྦྱོང་བརྡར་མ་འདྲཝ་ཚུ་ནང་ དྲུང་ཆེན་ཡིག་ཚང་སོ་སོར་ཡོད་མི་ རྒྱབ་སྐྱོར་ལས་གཡོགཔ་ཚུ་གིས་ རང་སོའི་སྤྲོ་བ་དང་བསྟུན་ཏེ་ སྦྱོང་བརྡར་གདམ་ཁའི་ཐོག་ལས་ འཛུལ་ཞུགས་འབད་ཚུགསཔ་ བཟོ་ཐབས་ཚུ་ཡང་ ལག་ལེན་འཐབ་པའི་་བསྒང་ཡོད་ཟེར་བཤད་ནུག།

སྦྱོང་བརྡར་གྱི་ ཆོས་ཚན་ཚུ་ཡང་ ག་དེ་སྦེ་ བཟོ་བཀོད་འབད་དེ་ཡོདཔ་སྨོ་ཟེར་བ་ཅིན་ བཅའ་མར་གཏོགས་མི་ཚུ་ག་ར་ ཡིག་ཚང་ནང་ ལཱ་འབད་མི་ཨིནམ་ལས་ ཡིག་ཚང་གི་ དུས་ཚོད་ལུ་ མ་གནོད་པར་ ཡིག་ཚང་དུས་ཚོད་ རྫོགས་ཞིནམ་ལས་ བཅའ་མར་གཏོགས་ཚུགས་པའི་ གོ་སྐབས་ཚུ་ བཟོ་སྟེ་ཡོདཔ་ཨིན་པའི་གནས་ཚུལ།