
རྡོ་རྗེ་དབང་ཕྱུག།
སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ པདྨ་ལྟེ་བའི་ཡིག་ཚང་ནང་ འཛམ་གླིང་སེམས་ཁམས་འཕྲོད་བསྟེན་གྱི་ ཉིནམ་བརྩི་སྲུང་འབད་སར་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་བཞུགས་མཛད་ནུག།
དེ་ཡང་ ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ བརྩི་སྲུང་འབད་དོ་ཡོདཔ་ད་ དུས་ཅི་ འཛམ་གླིང་རྒྱལ་སྤྱིའི་ནང་ སེམས་ཁམས་འཕྲོད་བསྟེན་དང་ ཕན་བདེ་ཟེར་མི་ བརྗོད་དོན་ཐོག་ལུ་ བརྩི་སྲུང་འབད་ཡོདཔ་ཨིན་པས།
དེ་བསྒང་ པདྨ་ལྟེ་བའི་ ཡིག་ཚང་དང་ ཡོངས་འབྲེལ་འཆར་སྒོ་ འགོ་འབྱེད་དང་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་ སྨན་ཁང་ནང་བཞག་སྟེ་ སྨན་བཅོས་དང་ གཅེས་སྐྱོང་ཞབས་ཏོག་ དེ་ལས་ པདྨའི་གྲོགས་རམ་ བརྒྱུད་འབྲེལ་ཞབས་ཏོག་དང་ དབང་བཙོང་བཀག་ཐབས་ཀྱི་ ལམ་སྟོན་ཚུ་ཡོད་མི་ ཡོངས་འབྲེལ་འཆར་སྒོ་དང་ མི་སྡེའི་བརྡ་བརྒྱུད་ལག་ལེན་ཚུ་ འགོ་འབྱེད་མཛད་གནང་ནུག།
ཡོངས་འབྲེལ་འཆར་སྒོ་དང་ མི་སྡེ་བརྡ་བརྒྱུད་ཀྱི་ རྒྱུན་ལམ་དེ་གིས་ བརྒྱུད་འཕྲིན་ཨང་ ༡༠༡༠ དང་ ༡༡༢ ཀྱི་ཐོག་ལས་ བསླབ་བྱའི་ཞབས་ཏོག་དང་ སེམས་ཁམས་འཕྲོད་བསྟེན་གྱི་ ཞབས་ཏོག་དང་ བརྡ་དོན་ སེམས་ནད་ལུ་ རྒྱབ་སྐྱོར་དང་ གཙོ་བསྟེན་ཞབས་ཏོག་གི་ གོ་སྐབས་ཚུ་ ལེན་ཚུགས་ནི་ཨིན་པའི་ཁར་ སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ ལས་དོན་དང་ བརྡ་དོན་ཚུ་ཡང་ དུས་མཐུན་བཟོ་ནི་དང་ ཞབས་ཏོག་གི་ གོ་སྐབས་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ནི་ཡོདཔ་ བཟོ་ནིལུ་ ཁེ་ཕན་འབྱུང་ནི་ཨིན་པས།
སྨན་ཁང་ནང་ སྨྱོ་རྫས་ཀྱི་ སྨན་བཅོས་དང་ གཅེས་སྐྱོང་ གཞི་བཙུགས་འབད་མི་དེ་ཡང་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་ གཅེས་སྐྱོང་ཐོག་ལས་ དོན་སྨིན་ཅན་གྱི་ སྨན་བཅོས་འབད་ཐབས་ལུ་ཨིན་པས།
ཞབས་ཏོག་འདི་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ཚུ་ སྒྲུབ་བྱེད་ཀྱི་སྒོ་ལས་ སྨན་བཅོས་ཀྱི་ གོ་སྐབས་ཡར་སེང་འབད་ནི་ཨིནམ་མ་ཚད་ དེ་བཟུམ་མའི་ སྨན་བཅོས་ཀྱི་ གོ་སྐབས་ཚུ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་དང་ རྫོང་ཁག་སྨན་ཁང་ཚུ་གི་ནང་ཡང་ འཐོབ་ཚུགསཔ་བཟོ་ནི་ཨིན་པས།
དེ་ལས་ ཤེས་རིག་གཙུག་སྡེ་ཚུ་གི་དོན་ལུ་ དབང་བཙོང་བཀག་ཐབས་ཀྱི་ ལམ་སྟོན་དེ་ ཨ་ལོ་དང་ ན་གཞོན་ཚུ་ལུ་ ཤེས་ཡོན་ལྷབ་སྦྱང་གི་ གནས་སྟངས་ཚུ་ ཉེན་སྲུང་དང་ལྡནམ་དང་ མཐུན་སྒྲིག་ཅན་ཡོདཔ་ བཟོ་ནི་ཨིན་པས།
ལས་སྟོན་དེ་ ཤེས་རིག་གཙུག་སྡེ་ཚུ་གིས་ དབང་བཙོང་བཀག་ཐབས་ཀྱི་ ལས་སྣ་ཚུ་གི་ རྒྱབ་སྐྱོར་ལུ་ ཐབས་བྱུས་ཅན་གྱི་ ཁུངས་གཏུགས་སྦེ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
ལས་དོན་དང་ ཞབས་ཏོག་གསརཔ་ཚུ་ འབྲུག་མི་ཡོངས་ཀྱི་ སེམས་ཁམས་འཕྲོད་བསྟེན་ གོང་འཕེལ་དང་ རྒྱབ་སྐྱོར་ལུ་དམིགས་ཏེ་ གསར་བཏོད་འབད་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1404996
Views Today :
Total views : 5000
Who's Online :