
རྡོ་རྗེ་དབང་ཕྱུག།
སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་བཙུན་ཁབ་ཏུ་བཞེས་ཏེ་ མི་ལོ་ ༡༡ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ མི་རྗེ་བློན་ཆེན་མཆོག་གིས་ སྤ་རོ་ལུ་ བཀའ་རྒྱ་ཁྲོམ་ འགོ་འབྱེད་གནང་ནུག།
དེ་ཡང་ ཚོང་འདུས་ལུ་ ཨོ་རྒྱན་དཔལ་རི་ཕོ་བྲང་གི་ ཐང་གི་ཟུར་ཁར་ གཞི་བཙུགས་འབད་ཡོད་མི་ སྤ་རོ་བཀའ་རྒྱ་ཁྲོམ་དེ་ གཏན་འཇགས་ཀྱི་ སོ་ནམ་ཁྲོམ་ མ་སྒྲུབ་ཚུན་ཚོད་ སོ་ནམ་ཚོང་ཁྲོམ་སྦེ་ ལག་ལེན་འཐབ་ནི་ཨིན་པས།
བཀའ་རྒྱ་ཁྲོམ་དེ་ མི་དབང་མངའ་ཞབས་མཆོག་གི་ བཀའ་རྒྱ་ལྟར་དུ་ སྤ་རོའི་མི་སེར་ཚུ་གི་དོན་ལུ་ མི་དབང་མཆོག་གི་ གསོལ་རས་སྦེ་ ཚོང་འབྲེལ་འཐབ་མི་ཚུ་གིས་ སོ་ནམ་ཐོན་སྐྱེད་ཚུ་ ག་ནི་བ་ ཕན་ནུས་ཆེ་བའི་ མི་སྡེའི་ས་ཁོངས་ནང་ བཟོ་བསྐྲུན་འབད་ནུག།
བཀའ་རྒྱ་ཁྲོམ་དེ་ནང་ སོ་ནམ་པ་ཚུ་གི་ ཚོང་ཁང་ ༡༤༧ ཡོདཔ་ད་ ཚོང་ཁང་དེ་ཚུའི་ནང་ ཚོད་བསྲེ་དང་ ཤིང་འབྲས་ དེ་ལས་ ཤ་དང་ གཡུས་ཁ་ལས་འཐོན་མི་ སྒོ་ནོར་འཐོན་སྐྱེད་ཚུ་དང་ བཟའ་འཐུང་ཚུ་ ཚོང་འབྲེལ་འཐབ་ཚུགསཔ་མ་ཚད་ ཨ་ལོ་འཁྱམས་སའི་ ས་གོ་དང་ གླུ་གར་འཁྲབ་སའི་ ཁྲི་སྟེགས་ཚུ་ཡང་ཡོདཔ་ཨིན་པས།
བཀའ་རྒྱ་ཁྲོམ་དེ་ མི་འཛོམས་སའི་ ས་གོ་ག་ནི་བ་ ཕན་ནུས་ཆེ་ཏོག་ཏོག་ཅིག་ཨིནམ་ལས་ རང་གི་གཡུས་ཁ་ལས་འཐོན་མི་ ཚོང་ཟོག་ལེགས་ཤོས་ཚུ་ ཚོང་བསྒྱུར་འཐབ་ཚུགས་པའི་ཁར་ རང་གི་བཟའ་ཚང་དང་ ཕྱི་མི་བལྟ་བཤལ་པ་ཚུ་ཡང་ འཛོམས་ཐོག་ལུ་ དགའ་སྤྲོ་སྟོན་སའི་ ས་གོ་ཅིག་ཡངཨིན་པས།
ཁྲོམ་དེ་ནང་ འཛིན་སྐྱོང་པ་ཚུ་གིས་ ཨ་རྟག་ར་ ཞབས་ཁྲ་དང་ ལྟདམོ་ཚུ་ འགོ་འདྲེན་འཐབ་ནི་ཨིནམ་མ་ཚད་ བདེ་སྲུངཔ་ཚུ་གི་ ཁ་ཐུག་ལས་ཡང་ བཟའ་འཐུང་གི་ བཞེས་སྒོ་མ་འདྲཝ་ཚུ་ ཚོང་འབྲེལ་འཐབ་ནི་ཨིན་པས།
བཀའ་རྒྱ་ཁྲོམ་དེ་ སྤ་རོའི་་ཁྲོམ་གྱི་ མཛེས་ཆ་དང་ ཕན་ནུས་ ཡར་དྲག་གཏང་ཐབས་ཀྱི་ ཆ་ཤས་ཅིག་སྦེ་ བཟོ་བསྐྲུན་འབད་ཡོདཔ་ད་ སྤ་རོ་རྫོང་ཁག་གི་ འགོ་འདྲེན་ཐོག་ལུ་ སྤ་རོའི་ཁྲོམ་དེ་ སྔོ་ལྗངས་དང་ལྡནམ་སྦེ་ བཞག་ནི་གི་ ལས་རིམ་འགོ་བཙུགས་ཡོད་མི་ལུ་ སྤ་རོའི་ལུང་ཕྱོགས་ནང་ཡོད་མི་ ཡིག་ཚང་དང་ རྫོང་ཁག་ཁྲིམས་འདུན་ དེ་ལས་ སྤ་རོའི་མི་སེར་ཡོངས་ཀྱིས་ ཆ་རོགས་འབདཝ་ཨིན་པའི་གནས་ཚུལ།







Users Today : 924
Users Yesterday : 3959
This Month : 51688
This Year : 488681
Total Users : 1200497
Views Today : 1249
Total views : 3239755
Who's Online : 19