
རྡོ་རྗེ་དབང་ཕྱུག་དང་
ལྷག་པ་གྲུབ་པ།
སྤྱི་ཟླ་ ༡༡ པའི་ ཚེས་ ༡༢ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ གཞི་བཀོད་དང་འཁྲིལ་ཏེ་ འོས་འབབ་ཅན་གྱི་ འགོ་ཁྲིདཔ་བཙག་འཐུའི་དོན་ལས་ འཛིན་སྐྱོང་ཁྱད་རིག་ ༡ པའི་ནང་ཡོད་མི་ འགོ་དཔོན་ཚུ་གི་ བརྟག་ཞིབ་ཆོས་རྒྱུགས་ ལེན་ནི་ཨིན་རུང་ མཐར་མ་འཁྱོལ་མི་ཚུ་ གཞུང་གཡོག་ནང་ལས་ གཏོན་མི་གཏང་ནི་ཨིན་པས།
དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བཀོད་ཁྱབ་གནས་རིམ་གྱི་དོན་ལུ་ བློ་འདོད་ཡོད་མི་ འཛིན་སྐྱོང་ཁྱད་རིག་ ༡ པའི་ འགོ་དཔོན་ཚུ་གིས་ བརྟག་ཞིབ་ཆོས་རྒྱུགས་ནང་ གྲལ་གཏོགས་འབད་གནང་ཟེར་ཨིན་པས།
དེ་བཟུམ་མའི་ བརྟག་ཞིབ་ལས་རིམ་འདི་ བཀོད་ཁྱབ་གནས་རིམ་ནང་ གོ་གནས་ཡར་སེང་གི་དོན་ལས་ ཨ་རྟག་ར་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དུས་ཅི་ འགོ་ཁྲིདཔ་བརྟག་ཞིབ་དེ་ གནད་དོན་ཁག་ ༤ གི་ཐོག་ལུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ གནས་ཚུལ་གནས་བཏོན་ནང་བཀོད་ནུག།
དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ཉིན་མའི་ཆུ་ཚོད་ ༢ ལས་ ཕྱི་རོའི་ཆུ་ཚོད་ ༨ ཀྱི་ ནང་འཁོད་ལུ་ ཡོངས་འབྲེལ་ཐོག་ལས་ ཚིག་འབྲུ་ ༥༠༠ འབད་མི་ འབྲི་རྩོམ་དང་སྦྲགས་ཏེ་ ཞུ་ཡིག་ཕུལ་དགོ་ནི་ཨིན་པས།
དེ་སྦེ་ ཡོངས་འབྲེལ་ཐོག་ལས་ འབྲི་རྩོམ་ཕུལ་མི་ཚུ་ དབྱེ་ཞིབ་འབད་དེ་ གདམ་འཐུ་གྲུབ་མི་ཚུ་ དབྱེ་ཞིབ་ ༢ པའི་དོན་ལུ་ གདམ་འཐུ་འབད་བའི་ཤུལ་ལས་ དུས་ཚོད་ཚད་འཛིན་གནས་སྟངས་ བསམ་དཔྱད་ཆོས་རྒྱུགས་ མང་རབས་ཅིག་གི་ ལན་གསལ་ཕུལ་དགོཔ་མ་ཚད་ སྡེ་ཚན་གྲོས་བསྟུན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ ལཱ་གཡོག་དང་འབྲེལ་བའི་ གོ་སྐབས་དང་ གྲུབ་འབྲས་ཀྱི་སྐོར་ལས་ འབྲི་རྩོམ་ཤོག་ལེབ་ ༡ ཡང་ འབྲི་དགོ་ནི་ཨིན་པས།
དེ་ལས་ མཐའ་དཔྱད་དབྱེ་ཞིབ་ནང་ལས་ གདམ་འཐུ་གྲུབ་མི་ཚུ་ ངོ་རྐྱང་གི་ དྲི་བ་དྲིས་ལན་ནང་ གྲལ་གཏོགས་འབད་དགོ་ནི་ཨིནམ་ད་ དབྱེ་ཞིབ་དེ་ བཀོད་ཁྱབ་གནས་རིམ་གྱི་དོན་ལུ་ ཚད་གཞི་ཅིག་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཞི་གཡོག་ལྷན་ཚོགས་ཀྱིས་ བཀོད་དོ་བཟུམ་འབད་བ་ཅིན་ ཁྱད་རིག་ ༡ པའི་ འགོ་དཔོན་ཚུ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༧ དང་ ༨ ལུ་ དྲོ་པའི་ཆུ་ཚོད་ ༡༠ ལུ་ ཡོངས་འབྲེལ་གློག་རིག་ ཞལ་འཛོམས་ནང་ བཅའ་མར་གཏོགས་གནང་ཟེར་ཨིནམ་ད་ ལམ་ལུགས་དང་ ཁྱད་ཚད་ཚུ་གི་སྐོར་ལས་ དེ་བསྒང་ ཧ་གོ་ཚུགས་ནི་ཨིན་པས།
ཐོ་བཀོད་ཀྱི་དོན་ལས་ འཛིན་སྐྱོང་ཁྱད་རིག་ ༡ པའི་ འགོ་དཔོན་ག་ར་ལུ་ རང་སོའི་གློག་འཕྲིན་ཁ་བྱང་ཐོག་ལས་ བརྡ་ལན་འབད་འོང་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1159
Users Yesterday : 1695
This Month : 41367
This Year : 221270
Total Users : 933086
Views Today : 3266
Total views : 2721975
Who's Online : 5