སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལུ་ སྤྱི་ཚོགས་ ༤ པའི་ ཚོགས་ཐེངས་ ༢ པའི་ དྲི་བཀོད་ལས་རིམ་དང་པའི་ནང་ དྲི་བ་བསྡོམས་ ༤ བཀོད་མི་ཚུ་ འབྲེལ་ཡོད་སྡེ་ཚན་ཀ་པའི་ ལྷན་ཁག་གི་ བློན་པོ་ཚུ་ལུ་ ངག་ཐོག་གི་ དྲི་བ་ཞུ་ནུག།
དེ་ཡང་ དྲི་བ་ ༢ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ལུ་དང་ དྲི་བ་ ༢ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་ལུ་ བཀོད་ཡོདཔ་ད་ དྲི་བའི་གནད་དོན་ཚུ་ཡང་ མི་སྡེ་བརྡ་བརྒྱུད་ཀྱི་ ཁྲིམས་ལུགས་དང་ ཞི་གཡོགཔ་གི་གདོང་ལན་ ན་གཞོན་ལཱ་གཡོག་མེད་མི་དང་ ཡན་ལག་ཁྲོམ་གྱི་ དབྱེ་ཁག་བསྐྱར་བཟོ་ དེ་ལས་ སོ་ནམ་ཞིང་ལམ་ ཡར་དྲགས་གཏང་དགོཔ་ཚུ་གི་སྐོར་ལས་ བཀོད་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ སྐྱེངས་མཁར་ཝེ་རིང་ལ་ འདེམས་ཁོངས་འཐུས་མི་གིས་ མི་སྡེ་བརྡ་བརྒྱུད་ཚུ་ལུ་བརྟེན་ཏེ་ སེམས་ཁམས་འཕྲོད་བསྟེན་གྱི་ ཉེན་ཁ་དང་ གནས་ཚུལ་རྫུན་མ་ དམིགས་བསལ་གྱིས་ ན་གཞོན་ཚུ་ལུ་ ཡོངས་འབྲེལ་ཐོག་ལས་ དབང་བཙོང་འབད་བའི་ ཚ་གྱང་ཡོད་ལུགས་ཚུ་ཞུ་ནུག།
བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་གིས་འབད་བ་ཅིན་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་དང་གཅིག་ཁར་ ཁྲིམས་ལུགས་ཚུ་ སྒྲིང་སྒྲིང་བཟོ་ནི་དང་ མི་མང་ལུ་ གོ་བ་བརྡ་སྤྲོད་ཀྱི་དོན་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ ཞི་བའི་མི་སྡེ་ལས་ཚོགས་ དེ་ལས་ ལས་སྡེ་གཞན་ཚུ་དང་ཡང་ མཉམ་འབྲེལ་འབད་དེ་ ལཱ་འབད་བའི་བསྒང་ཡོདཔ་མ་ཚད་ མི་སྡེ་བརྡ་བརྒྱུད་ཚུ་ མི་ངོ་རང་རྐྱང་གི་ འགན་ཁུར་ཅིག་ཨིན་པའི་ ངེས་ཤེས་བསྐྱེད་དེ་ ལག་ལེན་འཐབ་དགོཔ་ཡང་ གལ་ཆེ་ཟེར་ཨིན་པས།
བཀྲིས་སྒང་རྫོང་ཁག་ ཁམས་དྭངས་རམ་འཇར་ འདེམས་ཁོངས་འཐུས་མི་གིས་ ད་ལྟོ་ ན་གཞོན་ལཱ་གཡོག་མེད་པའི་གནས་ཚད་ བརྒྱ་ཆ་ ༡༦.༥ དང་ ཞི་གཡོགཔ་ཚུ་ མར་ཕབ་འགྱོ་མི་དེ་ ཚ་གྱང་ཅན་ཅིག་སྦེ་ གྱུར་ཡོད་མི་དེ་ལུ་ གཞུང་གི་ཧོངས་ལས་ དང་ལེན་ཚུ་ ག་དེ་སྦེ་ཡོད་ག་ཟེར་བའི་ དྲི་བ་ཞུ་ནུག།
བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་གིས་ འདས་པའི་ལོ་ནང་ ལཱ་གཡོག་མེད་མི་ བརྒྱ་ཆ་ ༣.༡ ལུ་ མར་ཕབ་སོང་ཡོད་ལུགས་དང་ ལཱ་གཡོག་ལྟེ་བ་དང་ རྒྱལ་ཡོངས་གཅིག་སྒྲིལ་ལས་རིམ་ཚུ་གི་ཐོག་ལས་ དཀའ་ངལ་སེལ་ནིའི་དོན་ལུ་ ཐབས་ལམ་ཚུ་ གཏོན་བཞིན་དུ་ཡོདཔ་མ་ཚད་ ལྷན་ཁག་གི་ཁ་ཐུག་ལས་ ཁག་འབགཔ་གི་ ལས་བྱེདཔ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ རིག་རྩལ་དང་ ལཱ་གཡོག་གི་བར་ན་ མ་མཐུནམ་ཡོད་མི་ཚུ་ སེལ་ཐབས་དང་ དགོས་མཁོ་ཅན་གྱི་ བཟའ་ཚང་ཚུ་ལུ་ སྐྱེད་ཆུང་ཤེས་ཡོན་སྐྱིན་འགྲུལ་ཚུ་ བྱིན་ཐོག་ལས་ གྲོགས་རམ་འབད་ནི་གི་ འཆར་གཞི་ཚུ་ བརྩམ་པའི་བསྒང་ཡོད་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ དགྲ་མེད་རྩེ་སྔ་ཚང་ འདེམས་ཁོངས་འཐུས་མི་གིས་ ཡན་ལག་ཁྲོམ་གྱི་ དབྱེ་བ་ཕྱེ་ནིའི་སྐོར་ལས་ ཚ་གྱང་ཡོད་ལུགས་དང་ ཁྲོམ་དེ་ཚུའི་ནང་ མཐུན་རྐྱེན་ཚུ་ ཉམས་བཅོས་འབད་དགོཔ་དང་ ཡང་ཅིན་ ཁྲལ་གྱི་ལམ་ལུགས་ཚུ་ བདེ་སྒྲིག་བཟོ་དགོཔ་ གལ་ཆེ་བའི་སྟོར་ལས་ དྲི་བ་ཞུ་ནུག།
གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ ཐོན་སྐྱེད་ཀྱི་ དཀའ་ངལ་ཡོད་རུང་ གཞུང་གི་ཁ་ཐུག་ལས་ ཡན་ལག་ཁྲོམ་སྡེ་ཚུ་ནང་ རྒྱབ་སྐྱོར་འབད་ནི་ལུ་ ཁས་བླངས་འབད་དེ་ཡོདཔ་ལས་ མཐའ་ཟུར་ཁྲོམ་སྡེ་ཚུ་གི་དོན་ལུ་ འཆར་དངུལ་ཐེར་འབུམ་ ༡ བགོ་བཀྲམ་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
རྩི་རང་རྫོང་ཁག་ གསེར་གྱི་ཐང་རྩི་རང་སྟོད་ འདེམས་ཁོངས་འཐུས་མི་གིས་ སོ་ནམ་ཞིང་ལམ་ཚུ་ ཡར་དྲགས་གཏང་ནི་དང་ དམིགས་བསལ་གྱིས་ རྡོ་རུག་གཞིབ་ནི་ཚུ་ མཇུག་བསྡུ་ནི་དང་ སྤྱི་འོག་སྦོམ་ཚུ་ནང་འགྱོ་སའི་ ལམ་གཙོ་བོ་ཚུ་ རྩི་ནག་གཏང་དགོ་པའི་སྐོར་ལས་ དྲི་བ་ཞུ་ནུག།
གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ གཞུང་གི་ཁ་ཐུག་ལས་ ལམ་དེ་ཚུ་ རྩི་ནག་གཏང་ནི་གི་ གཙོ་རིམ་སྒྲིག་ནིའི་ འཆར་གཞི་ཡོདཔ་ལས་ འཆར་དངུལ་འདི་ ལས་འགུལ་ཆུང་བ་ལས་ མ་ལང་པ་ཅིན་ མ་དངུལ་གྱི་ཐོན་ཁུངས་ཚུ་ གཞན་ཁ་ལས་ འཚོལ་ཞིབ་འབད་ནི་ཨིནམ་མ་ཚད་ ལྷན་ཁག་གིས་ བཟོ་རིག་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ གཞི་བཙུགས་འབད་ཚུགས་པའི་ འཆར་གཞི་ཡོད་ལུགས་ཚུ་ཡང་ ཞུ་ཡོད་པའི་གནས་ཚུལ།