
སྤྱི་ཟླ་ ༡༠ པའི་ཚེས་ ༢༣ དང་ ༢༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགར་ས་རྫོང་ཁག་ ལ་ཡག་ལུ་ ས་ཁ་མཐོ་སའི་ རྒྱལ་འཛིན་དུས་སྟོན་ནང་ དབུ་བཞུགས་མཛད་གནང་ནུག།
དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ ས་ཁ་མཐོ་སའི་ ལམ་སྲོལ་དང་ མཛེས་རྣམ་ཚུ་ འགྲེམ་སྟོན་གྱི་དོན་ལས་ སྤྱི་ལོ་ ༢༠༡༦ ལུ་ ལོ་བསྟར་གྱི་ དུས་སྟོན་ཅིག་སྦེ་ གཞི་བཙུགས་གནང་ཡོདཔ་ཨིན་པས།
འབྲུག་ལུ་ གཞིས་ཆགས་ས་ཁ་མཐོ་ཤོས་ ལ་ཡག་ལུ་ འགོ་འདྲེན་འཐབ་མི་ དུས་སྟོན་དེ་ནང་ རྫོང་ཁག་ ༡༠ ལས་ ས་ཁ་མཐོ་སའི་ མི་སྡེ་ཚུ་གིས་ གཞན་དང་མ་འདྲ་བའི་ རང་སོའི་གྱོན་ཆས་དང་ ལམ་སྲོལ་ དེ་ལས་ ཐོན་སྐྱེད་ཚུ་ གསལ་སྟོན་འབད་ནུག།
འབྲུག་གི་ས་ཁ་མཐོ་སའི་ མི་སྡེ་ཚུ་ རྒྱལ་ཁབ་ནང་ དུས་ཀྱི་འགྱུར་བའི་ དབང་ལུ་མ་ཐལ་བར་ ག་བ་ཡང་ སྒྲིང་སྒྲིང་སྦེ་ རང་བཞིན་གྱིས་ མཛེས་ཆ་དང་ལྡན་པའི་ ས་ཁ་མཐོ་སའི་ མཐའ་ཟུར་གཡུས་ཚན་ཚུ་ནང་ གཞིས་ཆགས་ཏེ་ སྡོད་དོ་ཡོདཔ་ཨིན་པས།
ས་ཁ་མཐོ་སའི་ རྒྱལ་འཛིན་དུས་སྟོན་དེ་ ལྟ་སྐོར་པ་ཚུ་ལུ་ ས་ཁ་མཐོ་སར་ འཚོ་བའི་གནས་སྟངས་དང་ སྡོད་ཐངས་ཚུ་གི་ ཉམས་མྱོང་ཐོབ་པའི་ཁར་ ས་ཁ་མཐོ་སའི་མི་སྡེ་ཚུ་ལུ་ རྒྱལ་སྤྱི་དང་ ནང་འཁོད་ལྟ་བཤལཔ་ཚུ་བརྒྱུད་དེ་ འོང་འབབ་ལྷན་ཐབས་ བཟོ་ནི་གི་ གོ་སྐབས་ཅིག་ཡང་ཨིན་པས།
མི་དབང་མཆོག་ ལ་ཡག་ལུ་ མ་ཕེབས་པའི་ཧེ་མར་ རྒྱལ་པོའི་ཞིང་ལུ་ ཆིབས་བསྐྱོད་གནང་སྟེ་ ཀུ་རི་ཟམ་པ་དང་ རྒྱལ་པོའི་ཞིང་གི་བར་ན་ ཀི་ལོ་མི་ཊར་ ༧.༣ འབད་མི་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ཐོག་ལས་ བཟོ་བསྐྲུན་འབད་མི་ འཁོར་ལམ་ལས་འགུལ་ལུ་ གཟིགས་སྐོར་གནང་ནུག།
འཁོར་ལམ་དེ་ཡང་ ལས་འགུལ་སྡེ་ཚན་གྱིས་ རྩི་ནག་བཏང་བའི་བསྒང་ཡོདཔ་ད་ དུས་ཅི་ སྤྱི་ཟླ་ ༡༢ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས་ཟེར་ རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1400008
Views Today :
Total views : 5000
Who's Online :