རྒྱ་གར་གྱི་ མི་བརྒྱུད་ཨིན་མི་ རི་ཤི་སུ་ནག་དེ་ བི་རི་ཊེན་གྱི་ བློན་ཆེན་གསརཔ་སྦེ་བསྐོ་བཞག།

ཨེ་བི་སི།
རྒྱ་གར་གྱི་ མི་བརྒྱུད་ཨིན་མི་ རི་ཤི་སུ་ནག་དེ་ ལོ་ངོ་ ༡ གི་ ནང་འཁོད་ལུ་ བི་རི་ཊེན་གྱི་ བློན་ཆེན་ ༣ པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ མ་དངུལ་གྱི་ དཀའ་ངལ་ཚུ་ལུ་བརྟེན་ཏེ་ དཔལ་འབྱོར་གྱི་ གནས་སྟངས་དེ་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ མི་སེར་ས་ཡ་ལས་ བཅད་མི་ཚུ་ལུ་ བཟའ་འཐུང་དང་ ནུས་ཤུགས་ཀྱི་ཁྲལ་ཚུ་ བཏབ་ནི་ལུ་ཡང་ དཀའ་ངལ་སྦོམ་ ཐོན་ཏེ་ཡོད་མི་ཚུ་ བསལ་ནི་གི་ འགན་ཁུར་འཁྲིཝ་ཨིན་པས།
སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ རི་ཤི་སུ་ནག་དེ་ བ་ཀིང་ཧམ་ ཕོ་བྲང་ནང་ རྒྱལ་པོ་ཅཱལཛ་ ༣ པའི་ སྐུ་མདུན་ལུ་ བཅར་ཡོདཔ་བཞིན་དུ་ རྒྱལཔོ་མཆོག་གིས་ གཞུང་སྐྱོང་འབད་མི་ ཀཱན་སར་བེ་ཊིབ་ སྲིད་ཚོགསཀྱི་ འགོ་ཁྲིད་གསརཔ་དེ་གིས་ ལམ་ལུགས་དང་འཁྲིལ་ཏེ་ གཞུང་བཙུགས་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་གི་ཧེ་མར་ ཨམ་ལིཟ་ཊཱཛ་གི་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ བློན་ཆེན་གྱི་ གོ་གནས་འཆང་བའི་ དུས་སྐབས་ནང་ སྲིད་ཚོགས་ཀྱི་ མིང་གཏམ་མེདཔ་འགྱོ་མི་དང་ དཔལ་འབྱོར་ཉམས་མི་ཚུ་ སུ་ནག་གི་ སྲིད་ཚོགས་ཁ་ཐུག་ལས་ སྲ་བརྟན་བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
བི་རི་ཊེན་ རྒྱལ་ཁབ་ནང་ མི་ལོ་ ༢༠༠ ལྷགཔ་ཅིག་གི་ཤུལ་ལས་ སྐྱེས་ལོ་ ༤༢ འབད་མི་ བློན་ཆེན་གསརཔ་ སུ་ནག་དེ་ འགོ་ཁྲིདཔ་གཞོན་ཤོས་ཅིག་ཨིནམ་ད་ ཁོ་གིས་ ཀཱན་སར་བེ་ཊིབ་ སྲིད་ཚོགས་ནང་ལས་ བློན་ཆེན་ ༢ རེ་ དགོངས་ཞུ་འབད་དགོཔ་ ཐོན་པ་ལུ་བརྟེན་ཏེ་ མི་སེར་གྱི་ དོགས་ཟོན་དང་ དཔལ་འབྱོར་གྱི་ གནས་སྟངས་ལུ་ མི་སེར་ཚུ་ ཚ་གྱང་སྦོམ་ལང་སྟེ་ཡོད་མི་ དོ་འགྲན་ཚུ་ལུ་ ངོས་ལེན་ཡོད་ལུགས་ཚུ་གི་སྐོར་ལས་ གསལ་བཤད་འབད་ནུག།
བི་རག་ཊེན་གྱི་ ཕྱག་མཛོད་གཙོ་འཛིན་སྦེ་ ཕྱག་ཞུ་མི་ སུ་ནག་གིས་འབད་བ་ཅིན་ གནས་སྟངས་ག་རའི་ནང་ ཁོ་གི་གཞུང་དེ་གིས་ དྲང་བདེན་དང་ ཁྱད་རིག་ དེ་ལས་ འགན་འཁྲི་ཚུ་ཡོདཔ་སྦེ་ ཕྱག་ཞུ་འོང་ཟེར་ཨིན་པས།
སུ་ནག་གི་ གཙོ་རིམ་མཐོ་ཤོས་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ བསྐོ་བཞག་འབད་ནི་དང་ དངུལ་རྩིས་ཀྱི་ དཀའ་ངལ་ཚུ་ བསལ་ཐབས་ལུ་ འཆར་དངུལ་གྱི་ བརྗོད་དོན་བརྩམ་ནི་ཚུ་ཨིན་པས།
བརྗོད་དོན་དེ་ནང་ ཁྲལ་ཡར་སེང་དང་ ཟད་འགྲོ་ཕབ་ཆག་ཚུ་ ཚུད་ནི་ཨིནམ་ད་ དེ་ཡང་ སྤྱི་ཚོགས་ནང་ ད་རེས་ཀྱི་ ཕྱག་མཛོད་གཙོ་འཛིན་ ཇེ་རེ་མི་ཧཱན་གྱིས་ གསལ་བཤད་འབད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: