
སྤྱི་ཟླ་ ༡༠ པའི་ཚེས་ ༢༨ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཤེས་རིག་ལྷན་ཁག་དང་ དངུལ་རྩིས་ལྷན་ཁག་ གསོ་བ་ལྷན་ཁག་ཚུ་ནང་ དྲུང་ཆེན་ངོ་ཚབ་ ༣ གསར་བསྐོས་འབད་ནུག།
དེ་ཡང་ གསོ་བའི་ལྷན་ཁག་ ནང་སྨན་ལས་ཁུངས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ སྤེན་པ་དབང་ཕྱུག་དེ་ གསོ་བའི་དྲུང་ཆེན་ངོ་ཚབ་དང་ ཕྱི་འབྲེལ་ལྷན་ཁག་ ལུང་ཕྱོགས་མཉམ་འབྲེལ་ལས་ཁུངས་ཀྱི་མདོ་ཆེན་ ཚེ་དབང་ཆོས་འཕེལ་རྡོ་རྗེ་དེ་ ཤེས་རིག་དྲུང་ཆེན་ངོ་ཚབ་ དངུལ་རྩིས་ལྷན་ཁག་གི་ དངུལ་རྩིས་མཁས་མཆོག་ ལས་སྐྱིད་དབང་མོ་དེ་ དངུལ་རྩིས་དྲུང་ཆེན་ངོ་ཚབ་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
དྲུང་ཆེན་ངོ་ཚབ་སྦེ་ གསར་བསྐོས་འབད་མི་ཚུ་ཡང་ ཁོང་གིས་ འདས་པའི་ཟླཝ་དག་པ་ཅིག་གི་ནང་ ལཱ་གི་གྲུབ་འབྲས་དང་ མི་མང་ཞབས་ཏོག་ ལེགས་བསྒྱུར་གྱི་ལཱ་ ལུ་ སྡེ་ཚན་འགོ་ཁྲིད་དང་ རངསོའི་ལྕོགས་གྲུབ་ཚུ་ གསལ་སྟོན་འབད་མི་ལུ་ གཞིར་བཞག་སྟེ་ཨིན་ཟེར་ ཞི་གཡོག་ལྷན་ཚོགས་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
དེ་སྦེ་ དྲུང་ཆེན་ངོ་ཚབ་སྦེ་ ལོ་ངོ་ ༡ གི་རིང་ལུ་ ཕྱག་ཞུ་བའི་ བརྟག་ཞིབ་དུས་ཡུན་ནང་ གཞུང་དྲུང་ཆེན་གྱི་ དགོས་མཁོ་འགྲུབ་པ་ཅིན་ དྲུང་ཆེན་སྦེ་ བསྐོ་བཞག་འབད་ནི་ཨིནམ་ལས་ དྲུང་ཆེན་ངོ་ཚབ་ཚུ་གིས་ ལས་སྡེ་བསྒྱུར་བཅོས་དང་ མནོ་ལུགས་ཡར་དྲག་ དེ་ལས་ མི་ཚུ་གི་ མཁས་འཕགས་འཛིན་སྐྱོང་པའི་ ངོས་ལེན་སྦོམ་སྦེ་ར་ བསྐྱེད་དོ་ཟེར་ཨིན་པས།
ལས་སྡེ་བསྒྱུར་བཅོས་ནང་ ཞི་གཡོག་དང་ རྒྱལ་ཁབ་ཀྱི་དོན་ལུ་ འགོ་ཁྲིད་དང་ ལེགས་བསྒྱུར་འབད་ཚུགས་པའི་ ཞི་གཡོགཔ་གོངམ་ཅིག་དགོཔ་ད་ མནོ་ལུགས་ཡར་ དྲག་གི་ཐད་ཁར་ རེ་འདོད་སྦོམ་ཡོདཔ་བཞིན་དུ་ སྐྱེལ་སྤྲོད་འབད་དགོཔ་ཡོད་མི་ཚུ་ གང་མགྱོགས་འབད་བའི་ཁར་ ཁོང་རང་ འཕྲོད་མཐུད་དེ་ར་ ཡར་དྲག་དང་ ལེགས་ཤོམ་བཟོ་ནི་ ལྷབ་སྦྱང་འབད་མི་ གདོང་ལེན་ཅན་གྱི་ ཞི་གཡོག་དགོཔ་ཨིན་ཟེར་བཀོད་ནུག།
དེ་ལས་ འགོ་ཁྲིད་པའི་ལྕོགས་གྲུབ་ སྒྲིང་སྒྲིང་ཡོད་མི་དང་ གདོང་ལེན་ དེ་ལས་ ཁོང་རའི་སྡེ་ཚན་དང་ གདོང་ལེན་ཅན་གྱི་ ལེགས་བསྒྱུར་གནས་སྟངས་ནང་ མཉམ་འབྲེལ་བ་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་མི་ ཞི་གཡོག་གོངམ་དགོཔ་ཨིན་པས།
ཞི་གཡོག་ལྷན་ཚོགས་ཀྱིས་ གཞུང་དྲུང་ཆེན་ རིམ་འབྱུང་འཆར་གཞིའི་ ལཱ་འབད་དོ་ཡོདཔ་ད་ དྲུང་ཆེན་གྱི་ གོ་གནས་ནང་ཡོད་མི་ཚུ་གིས་ མ་འོངས་འགོ་ཁྲིད་ཀྱི་ འགན་འཁྲི་སྦོམ་ འབག་ནི་དང་ རྒྱལ་ཡོངས་གྲུབ་འབྲས་ཀྱི་དོན་ལུ་ འགན་འཁྲི་འབག་ཚུགས་མི་ཅིག་དགོཔ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེང་སང་ གནད་དོན་ཚུ་ གཅིག་སྒྲིལ་ཐོག་ལུ་ ཡར་འཕར་སོང་ཡོདཔ་ལས་ རང་སོའི་ས་གོ་ནང་ མཁས་འཕགས་ཡོད་མི་ འགོ་ཁྲིདཔ་དགོཔ་མ་ཚད་ མཐོང་ཚུལ་ གསརཔ་བྱིན་ནི་ལུ་ཡང་ འབྲེལ་མཐུད་དང་ འདས་པའི་ཉམས་མྱོང་ཚུ་ ལག་ལེན་འཐབ་མི་ཅིག་དགོཔ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 757
Users Yesterday : 1750
This Month : 36307
This Year : 216210
Total Users : 928026
Views Today : 1401
Total views : 2709955
Who's Online : 5