
རྡོ་རྗེ་དབང་ཕྱུག་དང་ ལྷག་པ་གྲུབ་པ།
སྤྱི་ཟླ་ ༡༠ པའི་ཚེས་ ༢༨ ལུ་ དབང་འདུས་ཕོ་བྲང་ རྫོང་གསར་པའི་ནང་ ནང་རྟེན་གཙོ་བོ་སྦེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་རིན་པོ་ཆེ་ དཔལ་ངག་དབང་རྣམ་རྒྱལ་མཆོག་གི་ སྐུ་འདྲ་སྟོང་ཕྲག་ ༡ གདན་འདྲེན་ཞུ་ཐོག་ལས་ བཞུགས་སུ་གསོལ་ནུག།
དེ་ཡང་ རྒྱུ་གསེར་དངུལ་ཟངས་ ༣ ལས་གྲུབ་པའི་ ཞབས་དྲུང་གི་ སྐུ་རྟེན་གཙོ་བོ་ རིང་ཚད་ཕིཊ་ཕྱེད་དང་ ༦ ཡོདཔ་ད་ གཞན་མི་ཚུ་ ཨིན་ཅི་ ༡༥ རེ་ཡོདཔ་ཨིན་པས།
ཞབས་དྲུང་སྟོང་སྐུ་ཚུ་ དེ་ཚེ་དྲོ་པར་ ཆུ་ཚོད་ ༥ ལུ་ ཐིམ་ཕུ་རྟ་འབབ་ལས་ དབང་འདུས་ཕོ་བྲང་རྫོང་ནང་ གདན་འདྲེན་ཞུ་བའི་སྐབས་ལུ་ དད་ཅན་མི་སེར་ ལེ་ཤ་ཅིག་གིས་ ལམ་བདའ་སྟེ་ གསོལ་ཇ་དང་ གསོལཝ་ཚུ་ དྲངས་ཐོག་ལས་ མཇལ་ཁ་ཞུ་ཡོདཔ་ད་ དེ་བསྒང་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ གཞུང་གི་འགོ་དཔོན་ཚུ་ཡང་ ཕྱག་ཞུ་སྟེ་བྱོན་ནུག།
དེ་ལས་ དབང་འདུས་ཕོ་བྲང་ལུ་ བླམ་གནས་བརྟན་གྱིས་གཙོས་པའི་ རབ་སྡེ་གྲྭ་ཚང་དང་ རྫོང་བདག་ དྲང་དཔོན་ དྲག་ཁག་ ༣ གྱི་ དམག་སྡེའི་འགོ་དཔོན་ དེ་ལས་ ཤར་དར་བརྒྱད་ཀྱི་ རྒཔོ་ ༡༥ དང་ མི་སེར་ཚུ་གིས་ ཆིབས་གྲལ་བཙར་ཏེ་ གསེར་སྦྲེང་དང་བཅས་པའི་སྒོ་ལས་ ཕེབས་བསུ་ཞུ་ཡོདཔ་ཨིན་པས།
དེ་སྦེ་ གསར་བཞེངས་འབད་མི་ ཞབས་དྲུང་ལྷ་ཁང་ནང་ བཞུགས་སུ་གསོལ་བའི་ཤུལ་ལུ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ དབང་རྫོང་རབ་སྡེའི་ བླ་སློབ་དང་ དགེ་སློང་ཚུ་གིས་ ཁྲུས་གསོལ་ཕུལ་ཡོདཔ་མ་ཚད་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་ཚུ་ཡང་ རིམ་པ་བཞིན་དུ་ བརྩི་སྲུང་ཞུ་ནུག།
དེ་བསྒང་ དབང་རྫོང་གྲྭ་ཚང་དང་ གཞུང་གི་དགོ་དཔོན་ དེ་ལས་ རྒཔོ་ཚུ་དང་ མི་སེར་ཚུ་གི་ ཁ་ཐུག་ལས་ སྐྱབས་མགོན་ངག་དབང་རྣམ་རྒྱལ་མཆོག་ལུ་ འབུལ་ཚན་དང་ ཞབས་དྲུང་སྟོང་སྐུའི་ ལས་འགུལ་འགོ་འདྲེན་པ་ མཚམས་པ་སངས་རྒྱས་བསྟན་འཛིན་ལུ་ བཀྲིན་དགའ་ཚོར་ ཞུ་ཡོདཔ་ཨིན་པས།
ཞབས་དྲུང་སྟོང་སྐུའི་ ལས་འགུལ་འགོ་འདྲེན་པ་ མཚམས་པ་སངས་རྒྱས་བསྟན་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་ངོ་མང་རབས་ཅིག་གི་ ཧེ་མ་ལས་ གཞི་བཙུགས་འབད་དེ་ཡོད་མི་ ལས་འགུལ་འདི་གི་ཐོག་ལས་ དབང་འདུས་ཕོ་བྲང་ རྫོང་གསརཔ་གི་ ནང་རྟེན་གཙོ་བོ་སྦེ་ རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ སྐྱབས་མགོན་ངག་དབང་རྣམ་རྒྱལ་མཆོག་གི་ སྐུ་འདྲ་ཚུ་ བཞུགས་སུ་གསོལ་ཚུགས་མི་ལུ་ ངལ་རངས་སྦོམ་ བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ ཞབས་དྲུང་གི་ སྐུ་འདྲ་ལེ་ཤ་ཅིག་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་ཁག་གིས་མ་ཚད་པར་ རྒྱ་གར་ལ་དྭགས་ལུ་ཡང་ རིན་མེད་སྟོང་མར་ བཀྲམ་སྤེལ་འབད་ཡོདཔ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།




Users Today : 1454
Users Yesterday : 1778
This Month : 35254
This Year : 215157
Total Users : 926973
Views Today : 2363
Total views : 2707856
Who's Online : 9