རྒྱལ་ཡོངས་ཚོགས་འདུའི་ནང་ལས་ འབྲུག་གི་ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མ་ཆ་འཇོག།

རྡོ་རྗེ་དབང་ཕྱུག།
སྤྱི་ཟྲ་ ༡༡ པའི་ཚེས་ ༡༠ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ འབྲུག་གི་ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མ་ ཆ་འཇོག་གནང་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༩ དང་ ༡༠ ལུ་ ཉིན་གྲངས་ ༢ ཀྱི་རིང་ གསུང་གྲོས་མཐིལ་ཕྱིན་སྦེ་ གནང་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
དེ་ཡང་ ཞི་གཡོག་ཅིག་ ཡར་དྲག་གཏང་ནི་དང་ འཇོན་ཚད་དང་ དོན་སྨིན་ཅན་ དེ་ལས་ དྭངས་གསལ་དང་ འགན་འཁྲི་ཅན་གྱི་ རྣམ་གཞག་སྒོ་ལས་ སྤྱི་འགན་བསྒྲུབས་ཡོདཔ་ ངེས་གཏན་བཟོ་དགོཔ་འདི་ རྩ་ཁྲིམས་ཅན་གྱི་ འགན་དབང་ཨིན་ཟེར་བཀོད་ནུག།
དེ་བཟུམ་སྦེ་ ཚད་གཞི་རན་པ་དང་ འགན་ཁུར་གསལ་ཏོག་ཏོ་ འགན་དབང་ བྱ་སྒོ་དང་ ལཱ་འགན་ཚུ་དང་ལྡན་པའི་ ཞི་གཡོག་ལས་ཚོགས་དང་ དེ་གི་སྒྲིག་བཀོད་ཚུ་ ལེགས་བཅོས་འབད་ནི་ལུ་ཡང་ ཕན་རླབས་འབྱུང་ནི་ཨིན་པས།
དེ་ལས་ དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ ཡར་འཕེལ་ཅན་དང་ འབྲེལ་ཆགས་དང་ལྡན་པ་ ངོས་ལེན་ཅན་གྱི་ གཡོག་གི་མདུན་ལམ་ གོང་འཕེལ་གཏང་ནི་ལུ་ ལེགས་སྒྱུར་གྱི་ བློ་བཙུགས་དགོ་པའི་ རེ་འདོད་བསྐྱེད་ནི་དེ་གིས་ཨིནམ་སྦེ་བཀོད་ནུག།
ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མའི་ནང་ ལེའུ་ ༤ དང་ དོན་ཚན་ ༣༨ ལས་དོན་དང་བཅསཔ་སྦེ་ བཀོད་མི་ཚུ་ག་ར་ གཞུང་སྐྱོང་ལེགས་ལྡན་གྱི་དོན་ལས་ ཞི་གཡོགཔ་ལེགས་སྒྱུར་ལུ་ཕན་པའི་ དོན་ཚན་དང་ ཁྲིམས་ལུགས་ཚུ་ག་ར་ གནས་སྟངས་དང་འཁྲིལ་ཏེ་ བསྒྱུར་བཅོས་མཛད་ཡོདཔ་ཨིན་པས།
ཞི་གཡོག་ལེགས་སྒྱུར་ནང་ ལྷན་ཁག་ ༡༠ ལས་ ༩ ལུ་ མར་ཕབ་འབད་ཡོད་མི་ཚུ་ཡང་ ནང་སྲིད་ལྷན་ཁག་དང་། ནུས་ཤུགས་དང་ རང་བཞིན་འཐོན་སྐྱེད་ལྷན་ཁག། བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག། གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག། ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག། གསོ་བའི་ལྷན་ཁག། སོ་ནམས་དང་ སྒོ་ནོར་ལྷན་ཁག། དངུལ་རྩིས་ལྷན་ཁག། དེ་ལས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་སྦེ་ བསྒྱུར་བཅོས་མཛད་ཡོད་པའི་གནས་ཚུལ།

Please follow and like us: