
ཡིག་ཚང་ལས་བྱེདཔ།
སྤྱི་ཟླ་ ༡༡ པའི་ཚེས་ ༡༦ ལུ་ རྒྱ་གར་གྱི་ རི་ཛབ་བེང་ དངུལ་ཁང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་བར་ན་ ཟུང་ཕྱོགས་ཏི་རུ་བརྗེ་སོར་གྱི་ དུས་ཡུན་ཡར་སེང་ཐོག་ལུ་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།
དེ་ཡང་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དུས་ཡུན་ཡར་སེང་འབད་མི་ མཐུན་རྐྱེན་ཐོག་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཏི་རུ་ཁ་སྐོང་ ཡུ་ཨེཛ་ཌོ་ལར་ས་ཡ་ ༢༠༠ འབདཝ་ད་ རྒྱ་གར་གྱི་ རུ་པི་བྱེ་བ་ ༡,༦༥༧ དང་ ཡང་ཅིན་ དངུལ་ཀྲམ་བྱེ་བ་ ༡,༦༥༧ ཚུན་ བརྗེ་སོར་འབད་ཚུགས་ཟེར་ཨིན་པས།
ད་རེས་ ཆ་གནས་ཡོད་མི་ བརྗེ་སོར་མཐུན་རྐྱེན་ནང་ལས་ ཡུ་ཨེཛ་ཊོ་ལར་ས་ཡ་ ༢༠༠ བརྗེ་སོར་འབད་ནི་གི་ མཐུན་རྐྱེན་ཆིངས་ཡིག་ཡོད་མིའི་གུ་ ཁ་སྐོང་ཨིནམ་ད་ དེ་ཡང་ འབྲུག་གཞུང་གིས་ ཞུ་བ་འབདཝ་བཞིན་དུ་ རྒྱ་གར་གཞུང་གིས་ ཕན་གྲོགས་ཐོག་ལས་ རྒྱ་གར་གྱི་ རི་ཛབ་བེང་ནང་ལས་ བརྗེ་སོར་འབད་ནི་ཨིན་པས།
དུས་ཡུན་ཡར་སེང་འབད་མི་ ཆིངས་ཡིག་གི་ ཆ་གནས་དུས་ཡུན་དེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ཚེས་ ༣༠ ཚུན་ཨིནམ་ད་ ཧེ་མར་ རྒྱ་གར་གྱི་ རི་ཛབ་བེང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་བར་ན་ ཏི་རུ་བརྗེ་སོར་གྱི་ ཟུང་ཕྱོགས་ཆིངས་ཡིག་དེ་ སྤྱི་ལོ་ ༢༠༡༣ དང་ སྤྱི་ལོ་ ༢༠༡༦ སྤྱི་ལོ་ ༢༠༢༩ སྤྱི་ལོ་ ༢༠༢༠ ཚུ་གི་ནང་ཡང་ མཚན་རྟགས་བཀོད་ནུག།
ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ཏི་རུ་བརྗེ་སོར་གྱི་ ཆིངས་ཡིག་དང་འཁྲིལ་ཏེ་ ཞུ་བ་འབད་འབད་མི་ རྒྱལ་ཁབ་ཚུ་ལུ་ རྒྱ་གར་གྱི་ རི་ཛབ་བེང་ལས་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༢ ཚུན་ ཕྱི་དངུལ་(ཡུ་ཨེཛ་ཌོ་ལར་དང་ ཡུ་རོ་) དང་ རྒྱ་གར་གྱི་རུ་པི་ བརྗེ་སོར་འབད་ཆོགཔ་ཨིན་པས།
ཏི་རུ་བརྗེ་སོར་གྱི་ ཆིངས་ཡིག་དེ་ རྒྱལ༌གཞུང༌དངུལ༌ལས༌དབང༌འཛིན༌གྱིས༌ ཕྱི་དངུལ་ཟུར་གསོག་གི་ དགོས་མཁོ་འགྲུབ་ནི་དང་ ཕྱི་ནང་སྤྲོད་ལེན་གྱི་ ཁྱད་པར་གང་རུང་ བསུབ་ཐབས་ལུ་ ལེན་དོ་ཡོདཔ་ད་ བརྗེ་སོར་མཐུན་རྐྱེན་དེ་ལུ་བརྟེན་ཏེ་ འབྲུག་གིས་ རྒྱ་གར་གྱི་རུ་པི་ རྒྱུན་སྐྱོང་འཐབ་ནི་ལུ་ ཕན་ཐབས་བྱུང་སྟེ་ཡོད་པའི་ཁར་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ གོང་འཕེལ་བཏང་ནི་ལུ་ཡང་ ཁེ་ཕན་བྱུང་སྟེ་ཡོདཔ་ཨིན་པས།
དེ་མ་ཚད་ རྒྱ་གར་གཞུང་གིས་ ད་རེས་ འབྲུག་ལུ་ རྒྱབ་རྟེན་སྐྱིན་འགྲུལ་གྱི་ མཐུན་རྐྱེན་ཐོག་ལས་ཡང་ རུ་པི་བྱེ་བ་ ༣༠༠ (དངུལ་ཀྲམ་ཐེར་འབུམ་ ༣)དང་ རུ་པི་བྱེ་བ་ ༤༠༠ (དངུལ་ཀྲམ་ཐེར་འབུམ་ ༤) སྐྱིན་འགྲུལ་བྱིན་ཏེ་ཡོད་མིའི་ཐད་ལུ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༧ པའི་ཚེས་ ༡ ལས་ སྐྱེད་ཚད་བརྒྱ་ཆ་ ༢.༥ ལུ་ ཕབ་ཆག་འབད་དེ་ ཚབ་སྤྲོད་དུས་ཡུན་ ཟླ་ངོ་ ༦༠ གི་རིང་ལུ་ ཕར་འཕུལ་འབད་ནུག།
མཐུན་རྐྱེན་དེ་གིས་ཡང་ རྒྱ་གར་རྒྱལ་ཁབ་ནང་ རུ་པིའི་སྤྲོད་ཆ་དང་ འབྲུག་གིས་ རུ་པིའི་དགོས་མཁོ་གྲུབ་ཚུགས་ཏེ་ རྒྱ་འབྲུག་ ༢ ཀྱི་བར་ན་ ཚོང་འབྲེལ་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1399836
Views Today :
Total views : 5000
Who's Online :