རྒྱལ་ཡོངས་ཚོགས་སྡེའི་ ཚོགས་བཞུགས་ནང་ལས་ འཐུས་མི་རྡོ་རྗེ་མཁའ་འགྲོ་ ཕྱི་ཁར་བཏོན་བཏང་ཡོདཔ།

ལྷག་པ་གྲུབ་བ།

སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ འབྲུག་གི་དངུལ་ཕོགས་ སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་ ༢༠༢༢ ཅན་མའི་གུ་ གསུང་གྲོས་གནང་པའི་ཤུལ་ལུ་ བརྒྱུད་འབྲེལ་གྱི་འཐུས་དེ་ སྔར་ཨིནམ་སྦེ་ར་ ཆ་འཇོག་གྲུབ་ནུག།

དེ་འབདཝ་ད་ བརྒྱུད་འབྲེལ་གྱི་འཐུས་གུ་ གསུང་གྲོས་གནང་པའི་སྐབས་ལུ་ མགར་ས་རྫོང་ཁག་གི་འཐུས་མི་ རྡོ་རྗེ་མཁའ་འགྲོ་དེ་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ ཚོགས་ཁང་ནང་ལས་ ཕྱི་ཁར་བཏོན་བཏང་ཡོདཔ་ཨིན་པས།

དེ་ཡང་ དཔྱད་ཡིག་གི་ དོན་ཚན་ ༡༦ པ་ བརྒྱུད་འབྲེལ་འཐུས་ཀྱི་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ལུ་ འཐུས་མི་རྡོ་རྗེ་མཁའ་འགྲོ་གིས་ ཁང་གླའི་འཐུས་དང་ བརྒྱུད་འབྲེལ་གྱི་འཐུས་ ༢ མཉམ་འབྲེལ་སྦེ་ ཞུ་ནི་འབདཝ་ལས་ ཁྲི་འཛིན་གྱིས་ བརྒྱུད་འབྲེལ་འཐུས་ཀྱི་སྐོར་ལས་ ཞུ་ནི་མེད་པ་ཅིན་ མར་བཞུགས་ཟེར་ གསུངས་ཏེ་འབད་རུང་ ཉན་མ་བཏུབ་པ་ལུབརྟེན་ཏེ་ ཕྱི་ཁར་བཏོན་བཏང་ནུག།

དེ་གི་ཧེ་མར་ འཐུས་མི་རྡོ་རྗེ་མཁའ་འགྲོ་གིས་ དཔྱད་ཡིག་གི་ དོན་ཚན་ ༡༤ པ་ རྒྱབ་སྐྱོར་ལས་གཡོགཔ་ཚུ་གི་ ཁང་གླའི་འཐུས་ དངུལ་ཀྲམ་ ༣,༥༠༠ ལས ༥,༥༠༠ ལུ་ ཡར་སེང་འབད་དགོ་པའི་ གྲོས་འཆར་ཕུལ་མི་ལུ་ ཚོགས་དམངས་ཀྱིས་ རྒྱབ་སྐྱོར་མེད་ནི་དེ་གིས་ཨིན་པས།

དེ་སྦེ་ བཏོན་བཏང་མི་དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་ལུགས་དང་ བྱ་སྒོའི་ལམ་ལུགས་ནང་ ཚོགས་ཁང་གི་ སྒྲིག་གཞི་དང་ ལམ་ལུགས་ཚུ་ ཁྲི་འཛིན་གྱིས་ བདག་འཛིན་འཐབ་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: