
ནོར་བུ་བཟང་མོ།
སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ ཐོ་བཀོད་ཀྱི་དོན་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ ཞུ་ཡིག་ཕུལ་ཡོདཔ་ད་ སྲིད་དོན་ཚོགས་པ་གསརཔ་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ དྲགོས་པདྨ་ཚེ་དབང་གིས་ འགོ་ཁྲིད་ཐོག་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ཐིམ་ཕུ་ལུ་སྦེ་ ཚོགས་པ་གསརཔ་དེ་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་ནིའི་དོན་ལས་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ དྲགོས་པདྨ་ཚེ་དབང་དེ་ ཚོགས་པའི་གཙོ་འཛིན་སྦེ་ བཙག་འཐུ་འབད་ནུག།
དེ་མ་ཚད་ ཚོགས་པའི་གཙོ་འཛིན་འོགམ་ ༢ དང་ ཡོངས་ཁྱབ་དྲུང་ཆེན་ རྩིས་འཛིན་པ་ དེ་ལས་ བཀོད་ཁྱབ་ཚོགས་ཆུང་གི་ འཐུས་མི་ཚུ་ཡང་ བཙག་འཐུ་འབད་ ཡོདཔ་ཨིན་པས།
བཙག་འཐུ་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ལམ་སྟོན་དང་འཁྲིལ་ཏེ་ བཙག་འཐུའི་འགོ་དཔོན་ཚུ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ ཞལ་འཛོམས་སྐབས་ལུ་ རྫོང་ཁག་མཉམ་འབྲེལ་བ་དང་ ཚོགས་པའི་རྒྱབ་སྐྱོར་པ་ རྫོང་ཁག་ ༢༠ གི་ ངོ་ཚབ་དང་ ན་གཞོན་སྡེ་ཚན་ ཨམ་སྲུའི་ངོ་ཚབ་ དེ་ལས་ ཚོགས་པའི་འདེམས་ངོ་ དག་པ་ཅིག་གིས་ བཅའ་མར་གཏོགས་ནུག།
ཚོགས་པ་དེ་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ཟེར་ མིང་བཏགས་ཡོད་མི་ སྲིད་དོན་ཚོགས་པ་གསརཔ་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ ཆ་འཇོག་འགྲུབ་ནིའི་དོན་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
དེ་སྦེ་ བཙག་འཐུ་ལྷན་ཚོགས་ལས་ ཆ་འཇོག་གྲུབ་པའི་ཤུལ་ལུ་ རྒྱལ་ཡོངས་ཀྱི་ གནས་ཚད་ནང་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོདཔ་བཞིན་དུ་ དེ་བསྒང་ མི་སེར་ཚུ་ལུ་ འདེམས་ངོ་དང་ ལས་རྟགས་ དེ་ལས་ ཚོགས་པའི་ལྟ་བ་ཚུ་ གསལ་བསྒྲགས་འབད་འོང་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།





Users Today : 976
Users Yesterday : 1155
This Month : 48535
This Year : 228438
Total Users : 940254
Views Today : 1594
Total views : 2738218
Who's Online : 12