བཀོད་ཁྱབ་སྡེ་རིམ་གྱི་ གོ་གནས་ཚུ་གི་དོན་ལས་ ཁྱད་འཕགས་དང་ མཆོག་འགྱུར་ཅན་གྱི་ མི་ངོམ་ཚུ་ངོས་འཛིན།

ནོར་བུ་བཟང་མོ།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་འདྲེན་ཐོག་ལུ་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་རིག་སྤེལ་ཁང་གིས་ བཀོད་ཁྱབ་སྡེ་རིམ་གྱི་དོན་ལས་ སྡེ་རིམ་པི་ ༡ པའི་ འཛིན་སྐྱོང་འགོ་དཔོན་ཚུ་གི་ འགོ་དང་པ་ འགོ་འདྲེན་འཐབ་མི་ འོས་འབབ་བརྟག་དཔྱད་དེ་ མཇུག་བསྡུ་ནུག།
དེ་ཡང་ བཀོད་ཁྱབ་སྡེ་རིམ་གྱི་ གོ་གནས་ཚུ་གི་དོན་ལས་ མཆོག་འགྱུར་ཅན་གྱི་ མི་ངོམ་ཚུ་ ངོས་འཛིན་འབད་ཐབས་ལུ་ དམིགས་གཏད་བསྐྱེད་དེ་ སྡེ་ཚན་དང་ ངོ་རྐྱང་ཐོག་ལས་ ལག་ལེན་འཐབ་མི་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་ཁྲིདཔ་གདམ་འཐུའི་དོན་ལུ་ བརྩོན་ཤུགས་ཀྱི་ ཆ་ཤས་ཅིག་ཨིན་པས།
སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བཀོད་ཁྱབ་སྡེ་རིམ་གྱི་དོན་ལུ་ འོས་འབབ་བརྟག་དཔྱད་འབད་མི་དེ་ ཞི་གཡོག་ནང་ བཀོད་ཁྱབ་གོ་གནས་ཀྱི་དོན་ལས་ གདམ་འཐུ་ཚུ་ སྒྲིང་སྒྲིང་བཟོ་ནི་གི་ བྱ་སྒོའི་ཆ་ཤས་ གཙོ་བོ་ཅིག་སྦེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
དུས་ཅི་གི་ བརྟག་དཔྱད་དེ་ནང་ འགོ་དཔོན་ ༢༣༠ དེ་ཅིག་གིས་ གྲལ་གཏོགས་འབད་མིའི་གྲས་ལས་ མི་གྲངས་ ༧༤ འབདཝ་ད་ གསུམ་དཔྱ་ ༡ དེ་ཅིག་ མཐའ་དཔྱད་ཀྱི་དོན་ལུ་ ཐོ་བཀོད་འབད་མི་ལས་ འགོ་དཔོན་ ༣༤ མཆོག་འགྱུར་དང་ འོས་འབབ་ཡོད་མི་ འགོ་དཔོན་སྡེ་ཚན་སྦེ་ ངོས་འཛིན་བྱུང་ནུག།
ད་ལས་ དེ་སྦེ་ ངོས་འཛིན་གྲུབ་མི་ འགོ་དཔོན་ཚུ་གིས་ བཀོད་ཁྱབ་སྡེ་རིམ་གྱི་དོན་ལུ་ འགན་ཁུར་ཁ་སྐོང་དང་ རྒྱ་སྐྱེད་ཐོག་ལུ་ ལཱ་འབད་དགོ་ནི་ཨིན་པའི་གནས་ཚུལ།

Please follow and like us: