བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལམ་སེལ་ལས་འགུལ་ཐོག་ལས་ བཟོ་སྐྲུན་འབད་མི་ མོང་སྒར་ཀུ་རི་ཆུ་ཟམ་དང་ རྒྱལ་པོའི་ཞིང་གི་ གཞུང་ལམ་འགོ་འབྱེད།

དེ་ཚེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལམ་སེལ་ལས་འགུལ་ཐོག་ལས་ བཟོ་སྐྲུན་འབད་མི་ མོང་སྒར་ཀུ་རི་ཆུ་ཟམ་དང་ རྒྱལ་པོའི་ཞིང་གི་གཞུང་ལམ་ ཀི་ལོ་མི་ཊར་ ༧.༣ གསར་བསྐྲུན་འབད་མི་ འགོ་འབྱེད་མཛད་གནང་ཡོདཔ་ད་ འགོ་འབྱེད་རྟེན་འབྲེལ་གྱི་ མཛད་སྒོ་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ མཛད་གནང་ཡོདཔ་ཨིན་པས།
གཞུང་ལམ་དེ་ རྒྱ་སྐྱེད་དང་འབྲེལ་ གནས་ཚད་མཐོ་དྲགས་སྦེ་ བསལ་ཡོད་མི་དེ་ཡང་ མོ་བཏབ་ཐོག་ལུ་ སྤུས་ཚད་ཅན་གྱི་ འཁོར་ལམ་སེལ་ནི་དང་ བཟོ་སྐྲུན་ལས་སྡེའི་ནང་ ཐབས་ལམ་དྲག་ཤོས་ཚུ་སྤེལ་ནི་ དེ་ལས་ རྒྱལ་ཁབ་གོང་འཕེལ་ལུ་ དགོས་མཁོ་ཆེ་བའི་ རིག་རྩལ་དང་ ལག་ལེན་འཐབ་མི་ཚུ་ གང་མང་བཟོ་ཐབས་ལུ་ཨིན་པས།
འཁོར་ལམ་ལས་འགུལ་དེ་ བདེ་སྲུང་གིས་ ཞབས་ཏོག་ལྷན་ཁག་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ འདས་པའི་ལོ་ཚུ་ནང་ བདེ་སྲུང་གིས་ རྫོང་ཁག་ ༢༠ ལུ་ ཆུའི་ལས་འགུལ་ཚུ་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་པའི་ཤུལ་ལས་ འགོ་བཙུགས་ནུག།
ལས་འགུལ་དེ་ཡང་ ལམ་སེལ་དང་འབྲེལ་བའི་ ལཱ་ཚུ་ནང་ བདེ་སྲུངཔ་ཚུ་གི་ ལྕོགས་གྲུབ་གོང་འཕེལ་བཏང་སྟེ་ མ་འོངས་པ་ལུ་ ལག་ཤེསཔ་དང་ རིག་རྩལ་ཅན་གྱི་ ལས་མི་དང་ དོ་འགྲན་ཅན་གྱི་ལྟ་བཀོདཔ་ འཇོན་ཐངས་ཅན་གྱི་ འཛིན་སྐྱོང་པ་ དེ་ལས་ ལྕོགས་གྲུབ་ཅན་གྱི་ ཁག་འབགཔ་ལུ་ འགྱུར་ཐབས་ལུ་ཨིན་པས།
དེ་བཟུམ་མའི་ རིག་རྩལ་དང་ ལྕོགས་གྲུབ་གོང་འཕེལ་གཏང་ཐབས་ལུ་ ལས་འགུལ་གྱིས་ བདེ་སྲུངཔ་ཚུ་ལུ་ སྦྱོང་བརྡར་བྱིན་ནི་དང་ ལས་འགུལ་ལྟ་རྟོག་འབད་ནིའི་དོན་ལས་ རྒྱ་པཱན་ལུ་ ཡོངས་གྲགས་ཅན་གྱི་ ལས་སྡེ་དྲག་ཤོས་ཅིག་ལས་ ལམ་སེལ་བཟོ་བཀོདཔ་ ༡ དང་ འཕྲུལ་རིགཔ་ ༡ ལས་འགུལ་གྱི་ འཛིན་སྐྱོང་པ་ ༡ གསར་བཙུགས་འབད་ནུག།
རྒྱལ་ཁབ་ནང་ བཟོ་སྐྲུན་ལས་འགུལ་ གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་དེ་ཡང་ འབྲུག་གི་འཁོར་ལམ་བཟོ་སྐྲུན་ནང་ སྤུས་ཚད་ཅན་གྱི་ གནས་ཚད་ཐོག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡནམ་སྦེ་ བཟོ་ཐབས་ལུ་ཨིན་པས།
གཞུང་ལམ་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལས་ འགོ་བཙུགས་ཏེ་ ལོ་ ༡ གི་ནང་ ལེགས་ཤོམ་སྦེ་ བསལ་ཚར་ཡོདཔ་ད་ ལས་འགུལ་དེ་ནང་ གྲལ་གཏོགས་འབད་མི་ བདེ་སྲུངཔ་ཚུ་གི་གྲས་ལས་ བདེ་སྲུངཔ་ ༦ ལུ་ འཕྲུལ་ཆས་ལག་ལེན་གྱི་ རིག་རྩལ་ཐོབ་ཡོདཔ་ད་ བདེ་སྲུངཔ་ ༣ ལུ་ ས་འཇལ་རིག་རྩལ་དང་ གཞན་ ༡༣ ལུ་ བཟོ་བསྐྲུན་རིག་རྩལ་ཚུ་ཐོབ་ནུག།
མི་དབང་མངའ་ཞབས་མཆོག་ རྒྱལ་པོའི་ཞིང་ལུ་ བཞུགས་རིང་གར་ བོང་སྡེ་མ་ རྒྱལ་སྲུང་སློབ་སྡེ་སྤེལ་ཁང་གི་ ས་ཁོངས་ནང་ ཆིབས་སྐྱོད་གནང་སྟེ་ ལས་འགུལ་དེ་ནང་ ལཱ་འབད་མི་ཚུ་དང་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

Please follow and like us: