དབང་འདུས་ཕོ་བྲང་རྫོང་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ ཡི་དམ་དཔལ་དགྱེས་པ་རྡོ་རྗེའི་ འབུམ་སྡེའི་གསུང་ཆོག།

ལྷག་པ་གྲུབ་བ།
སྤྱི་ཟླ་ ༡ པའི་ཚེས་ ༤ ལས་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ དགེ་སློང་ཞལ་གྲངས་ ༤༠༠ ལྷགཔ་ཅིག་གིས་ ཡི་དམ་དཔལ་དགྱེས་པ་རྡོ་རྗེའི་ འབུམ་སྡེའི་གསུང་ཆོག་ ཉིན་གྲངས་ ༣ གྱི་རིང་ལུ་ གནང་མི་དེ་ སྤྱི་ཟླ་ ༡ པའི་ཚེས་ ༦ ལུ་ གྲོལ་གནང་ནུག།
དེ་ཡང་ སྤྱིར་འབྲུག་རྒྱལ་ཁབ་འདི་ སངས་རྒྱས་ཀྱི་ བསྟན་པ་ལུ་ དད་པ་དང་ དག་སྣང་ ཡིད་ཆེས་ཚུ་ཡོད་པའི་ཁར་ ལྷག་པར་དུ་ གསང་སྔགས་ཀྱི་ བསྟན་པ་སྲུང་བའི་ རྒྱལ་ཁབ་ཅིག་འབདཝ་ལས་ ད་ཚུན་གྱི་རིང་ལུ་ཡང་ སྔོན་བྱོན་རྒྱལ་བ་གོངམ་དང་ བླ་སློབ་ཚུ་གིས་ གྲྭ་ཚང་དང་ ཆོས་སྡེ་ཁག་གི་ནང་ འབུམ་སྡེ་ལེ་ཤ་ཅིག་ གཞི་བཙུགས་མཛད་དེ་ གསོལ་མཆོད་ཚུ་ གནང་དང་གནང་བཞིན་དུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དུས་ཅི་ དབང་འདུས་ཕོ་བྲང་རྫོང་ནང་ ཡི་དམ་དཔལ་དགྱེས་པ་རྡོ་རྗེའི་ འབུམ་སྡེ་དེ་ འགོ་དང་པ་ གཞི་བཙུགས་གནང་ཡོདཔ་ད་ དེ་ཡང་ དབང་འདུས་རྫོང་ཁག་ དགའ་སེང་མར་ཚིག་ཁ་ལས་ཨིན་མི་ བླམ་ཀུན་ལེགས་རྡོ་རྗེ་གིས་ སངས་རྒྱས་ཀྱི་ བསྟན་པ་ལུ་ ཤ་ཞེན་དང་ མོས་གུས་ཚད་མེད་ཀྱི་ངང་ལས་ ཡི་དམ་དཔལ་དགྱེས་པ་རྡོ་རྗེའི་འབུམ་སྡེ་ གཞི་བཙུགས་གནང་དགོ་པའི་ གསོལ་འདེབས་ཡང་བསྐྱར་དུ་ ཞུཝ་བཞིན་དུ་ དབང་འདུས་ཕོ་བྲང་གྲྭ་ཚང་གིས་ ཞལ་བཞེས་མཛད་དེ་ འགོ་བཙུགས་མི་ འབུམ་སྡེ་དེ་ ལོ་བསྟར་གྱི་ འབུམ་སྡེ་ཅིག་ལུ་ འགྱུར་འོང་ཟེར་ དབང་འདུས་ཕོ་བྲང་ རབ་སྡེ་ལས་ སློབ་དཔོན་བཀྲིས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཡི་དམ་དཔལ་དགྱེས་པ་རྡོ་རྗེའི་ འབུམ་སྡེ་ཉིནམ་ ༢ པའི་ནང་ རྡོ་རྗེ་སློབ་དཔོན་མཆོག་གིས་ འབུམ་སྡེ་དེ་ཁར་ བཅའ་མར་གཏོགས་མི་ དགེ་འདུན་པ་ཡོངས་ལུ་ དགྱེར་རྡོར་ལྷ་དགུའི་ དཀྱིལ་ཆོག་ནགས་བགྲོས་སུ་བཀོད་པ་ བདེ་ཆེན་ལམ་བཟང་ཟེར་མི་ འདོན་ཆའི་ལྗགས་ལུང་ཡང་ བཀྲིན་བསྐྱངས་གནང་ནུག།
དཔལ་དགྱེས་པ་རྡོ་རྗེའི་ འབུམ་སྡེ་དེ་ ལོ་བསྟར་བཞིན་དུ་ རྒྱུན་ཆད་མེད་པར་ གནང་ནིའི་དོན་ལུ་ བསྟན་པའི་སྦྱིན་བདག་ གྲྭ་ཚང་དེ་ནང་ མཚན་ཐོ་ཡོད་མི་ དབང་འདུས་རྫོང་ཁག་ དགའ་སེང་མར་ཚིག་ཁ་ལས་ བླམ་ཀུན་ལེགས་རྡོ་རྗེ་གིས་ དངུལ་ཀྲམ་ས་ཡ་ ༣ གཏན་རྩའི་མ་དངུལ་སྦེ་ ཕུལ་ཡོདཔ་བཞིན་དུ་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐུགས་སྨོན་དང་བཅསཔ་སྦེ་ གྲྭ་ཚང་དམངས་ལུ་ རྩིས་སྤྲོད་གནང་ཡོད་པའི་གནས་ཚུལ།

Please follow and like us: