ཕི་ལི་པིན་གྱི་ དམག་སྡེའི་གཙོ་འཛིན་གྱི་ཚབ་ལུ་ དགོངས་ཞུ་བཏང་མི་ སླར་ལོག་བསྐོ་བཞག།

ཨེ་བི་སི།
ཕི་ལི་པིན་གྱི་སྲིད་འཛིན་ ཕར་ཌི་ནེན་ མར་ཀོཛ་གིས་ ཟླ་ངོ་ ༥ གི་ཧེ་མར་ བསྐོ་བཞག་འབད་མི་ དམག་སྡེའི་གཙོ་འཛིན་དེ་ གནས་ཡུན་མ་ཚངམ་ལས་ རྒྱུ་མཚན་ག་ནི་ཡང་ མ་བཀོད་པར་ འགན་གྲོལ་བཏང་སྟེ་ ཚབ་བཙུགས་ནུག།
སྲིད་འཛིན་གྱི་ ཡིག་ཚང་ནང་ལས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཧེ་མར་ གཞོནམ་སྦེ་སྡོདཔ་ད་ ཕྱད་མདའི་ནང་ སྙིང་སྟོབས་དྲག་ཤོས་ཀྱི་ རྟགས་མ་ཐོབ་མི་ གུང་བློན་འོགམ་ བར་ཊོ་ལོམ་ བ་ཀ་རོ་ཟེར་མིའི་ ལོ་ངོ་ ༣ གྱི་ གནས་ཡུན་དེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༨ པའི་ནང་ ཚང་ནི་ཨིན་རུང་ རྒྱུ་མཚན་ག་ནི་ཡང་ མ་བཀོད་པར་ དམག་སྡེའི་གཙོ་འཛིན་ལས་ འགན་གྲོལ་བཏང་ཡི་ཟེར་ཨིན་པས།
སྲིད་འཛིན་མར་ཀོཛ་གིས་ ཧེ་མར་ བ་ཀ་རོ་ལུ་ དམག་སྡེའི་གཙོ་འཛིན་གྱི་ འགན་ཁུར་རྩིས་སྤྲོད་འབད་མི་ གུང་བློན་འོགམ་ ཨེན་ཌེདེ་རིཛ་ སེན་ཊི་ནོ་དེ་ ཆེ་མཐོའི་དམག་དཔོན་ ལེ་ཤ་ཅིག་ཡོད་མིའི་གྲས་ལས་ གདམ་འཐུ་འབད་དེ་ དམག་མིའི་གྲངས་ཚད་ ༡༤༤,༠༠༠ འབད་མིའི་ གཙོ་འཛིན་སྦེ་ བསྐོ་བཞག་འབད་ནུག།
གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་ ༡ པའི་ཚེས་ ༦ གི་ཕྱི་རུ་ བ་ཀ་རོ་གིས་ འཕྲིན་ཐུང་ཐོག་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ སླབ་མིའི་ནང་ བརྡ་དོན་ཁ་གསལ་ཅིག་ ག་ནི་ཡང་ མ་བཀོད་པར་ དམག་སྡེའི་གཙོ་འཛིན་གསརཔ་ལུ་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
ཕི་ལི་པིན་ རྒྱལ་ཁབ་ནང་ ན་ཧིང་ ཁྲིམས་གསར་བརྩམས་ཐོག་ལས་ དམག་སྡེའི་གཙོ་འཛིན་གྱི་ གནས་ཡུན་དེ་ ལོ་ངོ་ ༣ རེ་སྦེ་ བཀོད་དེ་ཡོདཔ་ད་ དེ་ཡང་ མུཟ་ལིམ་དང་ ཀ་མིའུ་ནིཛ་ཚུ་དང་ འབྲེལ་ཟིང་དང་ ལྷོ་རྒྱ་ནག་གི་ རྒྱ་མཚོའི་བདག་དབང་སྐོར་ལས་ ཕི་ལི་པིན་དང་ རྒྱ་ནག་གི་བར་ན་ འཕྲལ་འཕྲལ་ར་ འཛིང་འཁྲུག་ ཐོན་ཡོདཔ་ལས་ ཁོང་གི་དམག་འཐབ་ཀྱི་ ཐབས་ལམ་ཚུ་ དུས་མཐུན་བཟོ་ཐབས་ལུ་དམིགས་ཏེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: