འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ཨུཛ་བེ་ཀིཛ་ཏཱན་ལུ་ གློ་སྨན་གྱི་ ཁུ་བ་སྤྱོད་ནི་ལས་ འཛེམ་དགོ་པའི་ཉེན་བརྡ།

བི་བི་སི།
རྒྱ་གར་ལུ་ བཟོ་སྦྱོར་འབད་མི་ གློ་སྨན་གྱི་ ཁུ་བ་ལུ་བརྟེན་ཏེ་ ཨུཛ་བེ་ཀིཛ་ཏཱན་གྱི་ ཨ་ལོ་ཚུ་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རྒྱ་གར་གྱི་ གློ་སྨན་གྱི་ ཁུ་བ་ལྷམ་པ་ ༢ སྤྱོད་ནི་ལས་ འཛེམ་དགོ་པའི་ ཉེན་བརྡ་འབད་ནུག།
དེ་ཡང་ མ་རི་ཡཱོན་ བ་ཡོ་ཀྲེག་གིས་ བཟོ་སྦྱོར་འབད་མི་ སྨན་གྱི་འཐོན་སྐྱེད་ཚུ་ སྤུས་ཚད་ལེགས་ཤོམ་མེདཔ་ལས་ འཐོན་སྐྱེད་དེ་ཚུ་ སྤྱོད་མི་ལུ་ ཉེན་སྲུང་གི་ འགན་ལེན་ཡང་ སྤྲོད་མ་ཚུགས་པས་ཟེར་ཨིན་པས།
གློ་སྨན་དེ་ཚུ་ལས་ འཛེམ་དགོ་པའི་ བརྡ་དོན་དེ་ཡང་ གློ་སྨན་ཁུ་བ་ཚུ་ འཐུང་པའི་ཤུལ་ལས་ ཨ་ལོ་ ༡༨ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཁ་ཉེས་བཀལ་བའི་ཤུལ་ལུ་ ཁྱབ་སྤེལ་ཡོདཔ་ལས་ རྒྱ་གར་གསོ་བ་ལྷན་ཁག་གིས་ཡང་ མ་རི་ཡཱོན་ བ་ཡོ་ཀྲེག་གིས་ སྨན་རིགས་བཟོ་སྦྱོར་འབད་ནི་ལས་ མཚམས་འཇོག་འབད་ནུག།
དེ་མ་ཚད་ བདུན་ཕྲག་འདི་ནང་ རྒྱ་གར་གྱི་ བྱང་ཕྱོགས་མངའ་སྡེ་ ཨུ་ཏར་པར་དེཤ་གི་ བཟའ་ཆས་ཉེན་སྲུང་ལས་ཁུངས་ཀྱིས་ཡང་ མ་རི་ཡཱོན་ བ་ཡོ་ཀྲེག་གི་ ཆོག་ཐམ་དེ་ཡང་ མཚམས་འཇོག་འབད་ཡོདཔ་ད་ སྨན་རྫས་བཟོ་སྦྱོར་ལས་ཁང་དེ་ ཨུ་ཏར་པར་དེཤ་ལུ་ཡོདཔ་ཨིན་པས།
སྤྱི་ཟླ་ ༡ པའི་ཚེས་ ༡༢ ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གློ་སྨན་གྱི་ཁུ་བ་ ཨམ་བོར་ནཱོལ་ཟེར་མི་དང་ ཌོག་-༡ མེགཛ་ཟེར་མི་ ༢ ཨུཛ་བེ་ཀིཛ་ཏཱན་གྱི་ གསོ་བའི་ལྷན་ཁག་འོག་ལུ་ཡོད་མི་ སྤུས་ཚད་དོ་དམ་གྱིས་ བརྟག་དཔྱད་འབདཝ་ད་ གློ་སྨན་གྱི་ ཁུ་བ་དེ་ཚུའི་ནང་ སྨན་རྫས་ཁག་ ༢ དེ་ཅིག་ ངོས་ལེན་འབད་མ་ཚུགས་པའི་ ཚད་གཞི་ཁར་ བླ་བསྲེས་རྐྱབ་སྟེ་ཡོདཔ་སྦེ་ ཐོན་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༡༠ པའི་ནང་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རྒྱ་གར་གྱི་ སྨན་སྦྱོར་ལས་སྡེ་ཅིག་གིས་ བཟོ་སྦྱོར་འབད་མི་ གློ་སྨན་གྱི་ ཁུ་བ་ཅིག་ལུ་བརྟེན་ཏེ་ གྷམ་བི་ཡ་ལུ་ ཨ་ལོ་ ༦༦ གི་ མཁྲིསཔ་མེདཔ་ཐལ་ཏེ་ ཤི་རྐྱེན་བྱུང་ཡོདཔ་ལས་ དེ་བཟུམ་མའི་ བརྡ་དོན་ཅིག་སྤེལ་ནུག།
ཨིན་རུང་ རྒྱ་གཞུང་དང་ སྨན་སྦྱོར་ལས་སྡེ་གཉིས་ཆ་ར་གིས་ གནད་དོན་དེ་ལུ་ བདེན་པ་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: