གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ བླམ་གསརཔ་ ༣ དང་ གཞུང་གྲྭ་ཚང་གི་ དྲུང་ཆེན་གསརཔ་ལུ་ བཀྲ་ཤིས་ལེགས་དར།

ལྷག་པ་གྲུབ་བ།
སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གི་ སྤུ་ན་རྫོང་ནང་ མགོན་སྡེ་ཁག་གི་ བླམ་གསརཔ་ ༣ དང་ གཞུང་གྲྭ་ཚང་གི་ དྲུང་ཆེན་གསརཔ་ བསྐོ་བཞག་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ནུག།
དེ་ཡང་ སྐྱེས་ལོ་ ༣༥ འབད་མི་ སྤུ་ན་ཁ་ སྟོད་ཝང་རྒེད་འོག་ལས་ དཀོན་མཆོག་རྡོ་རྗེ་དེ་ དགེ་འདུ་ལྷ་ཁང་གི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གི་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ སྤུ་ན་ཁ་ ཁུ་རུ་ཐང་ དགེ་འདུན་སློབ་གྲྭའི་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
བླམ་དཀོན་མཆོག་རྡོ་རྗེ་གིས་ སྐྱེས་ལོ་ ༨ ལས་ དགེ་སློང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལུ་ རྟ་མགོ་ནང་པའི་གཙུག་ལག་སློབ་སྡེ་དང་ རྒྱ་གར་ཝཱ་ར་ཎ་སི་ ནང་པའི་གཙུག་ལག་སློབ་སྡེ་ཚུ་ནང་ ལྷབ་སྦྱངས་འབད་ནུག།
དེ་ལས་ སྐྱེས་ལོ་ ༣༩ འབད་མི་ དབང་འདུས་རྫོང་ཁག་ ཀ་གཞི་རྒེད་འོག་ལས་ རྟའུ་ཅུང་དེ་ ཆུ་ཁ་སྐྱབས་ཆ་ ཤེལ་མ་ཁ་ བསོད་ནམས་རྩེ་ལྷ་ཁང་གི་ བླམ་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ ད་ལྟོའི་གོ་གནས་དེ་ མ་བཞེས་པའི་ཧེ་མར་ རྟ་ལང་ཁ་ བཀྲིས་འབྲུག་རྒྱལ་ དགེ་འདུན་སློབ་གྲྭའི་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ ལོ་ ༡༠ ལས་ དགེ་སློང་ནང་ འཛུལ་བཞུགས་འབད་བའི་ཤུལ་ལུ་ སེའུ་ལ་བཤད་གྲྭ་དང༌ སྤ་རོ་སྔགས་ཆོས་འཁོར་ དེ་ལས་ རྟ་མགོ་ནང་པའི་གཙུག་ལག་སློབ་སྡེ་ དེ་ལས་ གཞན་ཡང་ བཤད་གྲྭ་ཁག་ལེ་ཤ་ཅིག་ནང་ ལྷབ་སྦྱངས་འབད་ནུག།
སྐྱེས་ལོ་ ༢༨ འབད་མི་ དབང་འདུས་རྫོང་ཁག་ ཨ་ཐང་རྒེད་འོག་ལས་ ཕྱག་རྡོར་དེ་ སྤུ་ན་ཁ་ ཤེལ་རྔ་ན་ ལུང་ཁ་སྟོང་ས་ནང་ ལྷ་ཁང་གི་ བླམ་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ ད་ལྟོའི་གོ་གནས་དེ་ མ་བཞེས་པའི་ཧེ་མར་ དབང་འདུས་ཕོ་བྲང་ སེའུ་སྒང་ནང་པའི་སློབ་གྲྭའི་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ སྐྱེས་ལོ་ ༡༠ ལས་ དགེ་སློང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལུ་ གསང་་སྔགས་ཆོས་འཁོར་བཤད་གྲྭའི་ནང་ལས་ ལྷབ་སྦྱངས་འབད་ཡོདཔ་ཨིན་པས།
དེ་ལས་ སྐྱེས་ལོ་ ༤༨ འབད་མི་ ཧཱ་ས་དམར་རྒེད་འོག་ལས་ སངས་རྒྱས་ཆོས་འཕེལ་དེ་ གཞུང་གྲྭ་ཚང་གི་ དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ ད་ལྟོའི་གོ་གནས་དེ་ མ་བཞེས་པའི་ཧེ་མར་ དྲུང་ཆེན་ལས་རོགསཔ་སྦེ་ ཕྱག་ཕྱིད་ཞུ་ོདཔ་མ་ཚད་ བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་ སློབ་དཔོན་སྦེ་ཡང་ ཕྱག་ཞུ་ནུག།
སློབ་དཔོན་སངས་རྒྱས་ཆོས་འཕེལ་གྱིས་ དགེ་སློང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལུ་ རྟ་མགོ་ནང་པའི་གཙུག་ལག་སློབ་སྡེ་ལས་ ཤེས་ཡོན་ཚུ་ ལྷབ་སྦྱངས་འབད་འདུག་པའི་གནས་ཚུལ།

Please follow and like us: