རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་བཀྲོངས་མི་ དོགས་པ་ཅན་ལུ་ཉེས་འཛུགས།

ཨེ་བི་སི།
རྒྱ་པཱན་གྱི་ ཁྲིམས་རྩོདཔ་ཚུ་གིས་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བེ་ བཀྲོངས་ཡོད་པའི་ དོགས་པ་ཅན་གྱི་ མི་ངོམ་དེ་ དམར་བསད་ཀྱི་ ཉེས་འཛུགས་ཐོག་ལུ་ ཁྲིམས་སར་བཀལ་ཡོདཔ་ཨིན་པས།
དེ་ཡང་ རྒྱ་པཱན་ནུབ་ཕྱོགས་ཀྱི་ རེ་ལི་ཊི་ཚན་ ནཱ་ར་ཟེར་སར་ ཤིན་ཟོ་ཨེ་བེ་དེ་ གསུང་བཤད་གནང་སྟེ་ བཞུགས་པའི་སྐབས་ལུ་ ཏེ་ཙུ་ཡ་ ཡ་མ་ག་ནི་གིས་ ཁྱིམ་ནང་བཟོ་མི་ ཀྲོབ་མདའ་རྐྱབ་ཡོདཔ་ལས་ དེ་ཚེ་ར་ འཛིན་བཟུང་འབད་ནུག།
ཁྲིམས་རྩོདཔ་ཚུ་གིས་ སླབ་མིའི་ནང་ ཏེ་ཙུ་ཡ་ ཡ་མ་ག་ནི་དེ་ ཟླ་ངོ་ ༦ དེ་ཅིག་གི་རིང་ལུ་ སེམས་ཁམས་ཚུ་ བརྟག་དཔྱད་འབདཝ་ད་ ཁྲིམས་སར་བཀལ་རུང་པའི་ གྲུབ་འབྲས་ཐོན་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་འབད་བ་ཅིན་ ཡ་མ་ག་ནེ་གིས་ ཨེ་བེ་དེ་ ཁོ་གིས་ བཀྲོངས་ཡོདཔ་སྦེ་ ཁ་བཟེད་ཅི་ཟེར་ཨིནམ་ད་ དེ་ཡང་ ཨེ་བེ་དེ་ ཁོ་གིས་མ་དགའ་མི་ ཆོས་ཕྱོགས་སྡེ་ཚན་ཅིག་དང་ འབྲེལ་བ་ཡོད་ནི་དེ་གིས་ཨིནམ་སྦེ་ སླབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: