རྡོ་རྗེ་སློབ་དཔོན་མཆོག་གིས་ སྨན་ཁང་གི་བླམ་དང་ དགུན་བཞུགས་དབུ་མཛད་ གྲྭ་ཚང་ཆོས་དཔོན་ཚུ་ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར།

ལྷག་པ་གྲུབ་བ།
སྤྱི་ཟླ་ ༡ པའི་ཚེས་ ༡༦ ལུ་ སྤུ་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་སྦེ་ གཞུང༌དགེ༌འདུན༌གྲྭ༌ཚང༌གི༌ རྡོ་རྗེ་སློབ་དཔོན་མཆོག་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་བླམ་དང་ དགུན་བཞུགས་དབུ་མཛད་ དེ་ལས་ གཞུང་གྲྭ་ཚང་གི་ ཆོས་དཔོན་ཚུ་ གསར་བསྐོས་ཐོག་ལས་ བཀྲིས་ལེགས་དར་གནང་ནུག།
དེ་ཡང་ དབང་འདུས་ཕོ་བྲང་ སྲས་ཕུག་ལས་ སྐྱེས་ལོ་ ༤༧ འབད་མི་ སློབ་དཔོན་སངས་རྒྱས་དེ་ ཐིམ་ཕུ་ལུ་ འཇིག་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ བླམ་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
བླམ་སངས་རྒྱས་ཀྱིས་ རྟ་མགོ་ནང་པའི་ཆེས་མཐོ་རིག་པའི་ སློབ་གྲྭའི་ནང་ལས་ ཤེས་ཡོན་ཚུ་ མཐར་འཁྱོལ་བའི་ཤུལ་ལས་ ལྕགས་རི་རྡོ་རྗེ་གདན་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་བཅད་གནང་ཡོདཔ་ད་ སྨན་ཁང་གི་བླམ་སྦེ་ མ་བསྐོས་པའི་ཧེ་མར་ ལྕགས་རི་སྒྲུབ་སྡེའི་ དྲུང་ཆེན་དང་ ཕ་ཇོ་ལྡིང་སྒྲུབ་སྡེའི་ སྒྲུབ་དཔོན་སྦེ་ ཕྱག་ཞུ་ནུག།
དེ་ལས་ སྤ་རོ་རྫོང་ཁག་ གཡུས་རྒྱ་བར་ནང་ལས་ སྐྱེས་ལོ་ ༣༦ འབད་མི་ སློབ་དཔོན་བཙན་གྲགས་རྡོ་རྗེ་དེ་ གཞུང་གྲྭ་ཚང་གི་ ཆོས་དཔོན་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྤུ་ན་ཁ་ ལེགས་བཤད་འབྱུང་གནས་ བཤད་གྲྭའི་ནང་ལས་ ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་དེ་ ལྕགས་རི་རྡོ་རྗེ་གདན་ལུ་སྦེ་ བཅད་ཡོདཔ་ཨིན་པས།
སློབ་དཔོན་བཙན་གྲགས་རྡོ་རྗེ་དེ་ ཆོས་དཔོན་སྦེ་ བསྐོ་བཞག་མ་གནང་པའི་ཧེ་མར་ གཞུང་གྲྭ་ཚང་ནང་ རྒྱ་གླིང་སློབ་དཔོན་སྦེ་ ཕྱག་ཞུ་ནུག།
དབང་འདུས་ཕོ་བྲང་ ཉི་ཤོ་ལས་ སྐྱེས་ལོ་ ༥༡ འབད་མི་ སློབ་དཔོན་མགོན་པོ་དེ་ གཞུང་གྲྭ་ཚང་གི་ དགུན་བཞུགས་དབུ་མཛད་སྦེ་ གསར་བསྐོས་གནང་ཡོདཔ་ད་ ཁོ་གིས་ཡང་ སྤུ་ན་ཁ་ ལེགས་བཤད་འབྱུང་གནས་ བཤད་གྲྭའི་ནང་ལས་ ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ཞི་མགོན་པ་སྒྲུབ་སྡེའི་ནང་སྦེ་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་བཅད་ཡོདཔ་ཨིན་པས།
སློབ་དཔོན་མགོན་པོ་དེ་ དགུན་བཞུགས་དབུ་མཛད་སྦེ་ བསྐོ་བཞག་མ་གནང་པའི་ཧེ་མར་ གཞུང་གྲྭ་ཚང་གི་ ལམ་དཔོན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

Please follow and like us: