
ལྷག་པ་གྲུབ་བ།
སྤྱི་ཟླ་ ༡ པའི་ཚེས་ ༢༤ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དགོན་སྡེ་ཁག་གི་ བླམ་དང་ དབུ་འཛིན་ གཞུང་གྲྭ་ཚང་གི་དྲུང་ཆེན་ དེ་ལས་ རྒྱ་གླིང་སློབ་དཔོན་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས།
དེ་ཡང་ དབང་འདུས་རྫོང་ཁག་ དྭངས་ཆུ་ལས་ སྐྱེས་ལོ་ ༣༩ འབད་མི་ སློབ་དཔོན་འཇིགས་མེད་དེ་ གཞུང་གྲྭ་ཚང་གི་ ལམ་དཔོན་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
སློབ་དཔོན་འཇིགས་མེད་ཀྱིས་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ གཞུང་སྦུག་གྲལཔ་སྦེ་ བཞུགས་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༡ ལས་ དགེ་སློང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ ལོ་གསུམ་ཕྱོགས་གསུམ་ཚུ་ ཐིམ་ཕུ་སྤྱི་ཞི་དགོན་པ་ལུ་ བཅད་ཡོདཔ་ཨིན་པས།
དབང་འདུས་རྫོང་ཁག་ ཉི་ཤོ་རྒེད་འོག་ལས་ སྐྱེས་ལོ་ ༤༥ འབད་མི་ སློབ་དཔོན་ཕུརཔ་རྡོ་རྗེ་དེ་ འཆི་མེད་ལྷ་ཁང་གི་ བླམ་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
བླམ་དེ་གིས་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ གཞུང་གྲྭ་ཚང་གི་ སྐུ་སྒེར་དྲུང་ཆེན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ བདེ་ཆེན་ཕོ་བྲང་ སློབ་གྲྭ་དང་ རྟ་མགོ་བཤད་གྲྭའི་ནང་ལས་ དཔེ་ཆ་མཐར་ཕྱིན་ཏེ་ ལོ་གསུམ་ཕྱོགས་གསུམ་དེ་ ལྕགས་རི་སྒྲུབ་སྡེའི་ནང་ བཅད་ཡོདཔ་ཨིན་པས།
ཧཱ་ས་མར་རྒེད་འོག་ལས་ སྐྱེས་ལོ་ ༤༤ འབད་མི་ སློབ་དཔོན་རིག་འཛིན་དེ་ ཐིམ་ཕུ་བདེ་ཆེན་ཕུག་ལྷ་ཁང་གི་ བླམ་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
བླམ་རིག་འཛིན་གྱིས་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ གཞུང་གྲྭ་ཚང་ནང་ མཛོད་ཁང་གི་ ཁྲི་འཛིན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༡ ལས་ དགེ་སློང་ནང་འཛུལ་ཏེ་ སྤུ་ན་ཁ་ ན་ལེནྡྲ་བཤད་གྲྭའི་ནང་ལས་ མཐར་མཁྱོལ་ཡོདཔ་ཨིན་པས།
སྤ་རོ་ན་རྒྱ་ལས་ སྐྱེས་ལོ་ ༤༢ འབད་མི་ སློབ་དཔོན་ཀུན་ལེགས་དབང་འདུས་དེ་ སྤ་རོ་བརྩོན་འགྲུས་དགོན་པའི་ བླམ་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
བླམ་ཀུན་ལེགས་དབང་འདུས་ཀྱིས་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ གཞུང་གྲྭ་ཚང་གི་ ས་མཇལ་ཡིག་ཚང་ནང་ དྲུང་ཆེན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༡ ལས་ དགེ་སློང་ནང་འཛུལ་ཏེ་ ཤེས་ཡོན་ཚུ་ སྤང་རི་ཟམ་པ་ རྩི་གཞུང་མཐོ་རིམ་སློབ་གྲྭའི་ནང་ལས་ མཐར་འཁྱོལ་ཡོདཔ་ཨིན་པས།
སེམས་དོན་རིག་པའི་སྤེལ་ཁང་གི་ འཛིན་སྐྱོང་པ་སྦེ་ ཕྱག་ཞུ་མི་ སློབ་དཔོན་པདྨ་རྒྱལ་མཚན་དེ་ གཞུང་གྲྭ་ཚང་གི་ འདུས་ཚོགས་དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
སྐྱེས་ལོ་ ༤༢ འབད་མི་ སློབ་དཔོན་པདྨ་རྒྱལ་མཚན་གྱིས་ རྟ་མགོ་ནང་པའི་གཙུག་ལག་སློབ་སྡེའི་ནང་་ལས་ ཤེས་བྱའི་ཡོན་ཏན་ཚུ་ མཐར་ཕྱིན་ཡོདཔ་ཨིན་པས།
སྤ་རོ་རྡོ་གར་ལས་ སྐྱེས་ལོ་ ༤༢ འབད་མི་ སློབ་དཔོན་བསྟན་འཛིན་དབང་ཕྱུག་དེ་ སེམས་དོན་རིག་པའི་སྤེལ་ཁང་གི་ དབུ་འཛིན་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
སློབ་དཔོན་བསྟན་འཛིན་དབང་ཕྱུག་གིས་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ སེམས་དོན་རིག་པའི་སྤེལ་ཁང་ནང་ ལེགས་བཤད་པ་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༡ ལས་ དགེ་སློང་ནང་འཛུལ་ཏེ་ དཔེ་ཆ་ཚུ་ རྟ་མགོ་ནང་པའི་གཙུག་ལག་སློབ་སྡེ་ལས་ མཐར་ཕྱིན་ཡོདཔ་ཨིན་པས།
དབང་འདུས་རྫོང་ཁག་ ཨ་ཐང་ལས་ སྐྱེས་ལོ་ ༤༠ འབད་མི་ སློབ་དཔོན་ཟླ་བ་རྒྱལ་མཚན་དེ་ ཆུ་ཁ་དགེ་གླིང་ བསམ་འཕེལ་གླིང་ལྷ་ཁང་གི་ བླམ་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
བླམ་ཟླ་བ་རྒྱལ་མཚན་གྱིས་ སྐྱེས་ལོ་ ༡༥ ལས་ བདེ་ཆེན་ཕོ་བྲང་ལུ་ དགེ་སློང་ནང་འཛུལ་ཏེ་ རྟ་མགོ་ནང་པའི་གཙུག་ལག་སློབ་སྡེ་ལས་ ཤེས་ཡོན་ཚུ་ མཐར་འཁྱོལ་བའི་ཤུལ་ལུ་ ལོ་གསུམ་ཕྱོགས་གསུམ་དེ་ ལྕགས་རི་སྒྲུབ་སྡེའི་ནང་སྦེ་ བཅད་ཡོདཔ་ཨིན་པས།
སྤུ་ན་ཁ་ མགུ་མ་ལས་ སྐྱེས་ལོ་ ༣༢ འབད་མི་ སློབ་དཔོན་ཀུན་དགའ་ཚེ་རིང་དེ་ ཐིམ་ཕུ་འཇིགས་མེད་ཐང་ཁ་ འབྲུག་བདེ་སྐྱིད་སྤེལ་ཁང་གི་ ནང་ཆོས་མཁན་པོ་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་ནུག།
མཁན་པོ་ཀུན་དགའ་ཚེ་རིང་གིས་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ ཐིམ་ཕུ་བདེ་ཆེན་ཆོས་གླིང་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༣ ལས་ དགེ་སློང་ནང་འཛུལ་ཏེ་ དཔེ་ཆ་ཚུ་ཡང་ བདེ་ཆེན་ཕོ་ཕྲང་དང་ རྟ་མགོ་ནང་པའི་གཙུག་ལག་སློབ་སྡེ་ལས་ མཐར་ཕྱིན་པའི་ཤུལ་ལུ་ ལོ་གསུམ་ཕྱོགས་གསུམ་དེ་ རྟ་མགོ་སྒྲུབ་ཁང་ནང་སྦེ་ བཅད་ཡོདཔ་ཨིན་པས།
དབང་འདུས་རྫོག་ཁག་ ཉི་ཤོ་ལས་ སྐྱེས་ལོ་ ༤༥ འབད་མི་ སློབ་དཔོན་འཕྲིན་ལས་དེ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ དགོན་པོའི་ལྷ་ཁང་ནང་ རྐང་རྒྱུགཔ་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
སློབ་དཔོན་འཕྲིན་ལས་ཀྱིས་ སྐྱེས་ལོ་ ༨ ལས་ དགེ་སློང་ནང་འཛུལ་ཏེ་ དཔེ་ཆ་ཚུ་ བསེ་ལ་བཤད་གྲྭའི་ནང་ སྦྱངས་བརྩོན་འབད་བའི་ཤུལ་ལས་ ལོ་གསུམ་ཕྱོགས་གསུམ་དེ་ ལྕགས་རི་སྒྲུབ་སྡེའི་ནང་ བཅད་ཡོདཔ་ད་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ ལྕགས་རི་སྒྲུབ་སྡེའི་ རི་མགོ་ལས་ཕར་ སྒོམ་གནང་སྟེ་ བཞུགས་ཡོདཔ་ཨིན་པས།
སྤུ་ན་ཁ་ རྟ་ལོག་ལས་ སྐྱེས་ལོ་ ༣༧ འབད་མི་ སློབ་དཔོན་ཤཱཀྱ་དེ་ གཞུང་གྲྭ་ཚང་གི་ རྒྱ་གླིང་སློབ་དཔོན་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
སློབ་དཔོན་ཤཱཀྱ་གིས་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ གཞུང་སྦུག་གྲལ་ནང་ བཞུགས་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༣ ལས་ དགེ་སློང་ནང་འཛུལ་ཏེ་ དཔེ་ཆ་ཚུ་ སྤུ་ན་ཁ་ ལེགས་བཤད་འབྱུང་གནས་བཤད་གྲྭའི་ནང་ལས་ མཐར་འཁྱོལ་བའི་ཤུལ་ལས་ ལོ་གསུམ་ཕྱོགས་གསུམ་དེ་ ལྕགས་རི་སྒྲུབ་སྡེའི་ནང་ བཅད་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 699
Users Yesterday : 1379
This Month : 699
This Year : 229540
Total Users : 941356
Views Today : 1650
Total views : 2740693
Who's Online : 8