རྒྱལ་ཁབ་ནང་གི་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་བསྡུ་ནི་གི་ ལས་རིམ་འགོ་འབྱེད།

ནོར་བུ་བཟང་མོ།

རྒྱལ་ཁབ་ནང་གི་ གཞུང་ལམ་ཚུ་ ཧིང་སང་ས་སྦེ་ བཞག་ནིའི་དོན་ལུ་ ལམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་དང་ ཌཱན་ཊག་ལས་འགུལ་ ཀི་ལིན་བྷུ་ཊཱན་ལས་སྡེ་ ༣ མཉམ་འབྲེལ་ཐོག་ལས་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་བསྡུ་ནི་གི་ ལས་རིམ་ཅིག་ འགོ་འབྱེད་འབད་ནུག།

དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ མི་དབང་རྒྱལ་སྲས་རིན་པོ་ཆེ་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ དགུང་ལོ་ ༧ བཞེས་པའི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ཏེ་ འགོ་འབྱེད་འབད་ཡོདཔ་ད་ དེ་བསྒང་ ལས་རིམ་དེ་ ཐིམ་ཕུ་དང་ སྤ་རོ་ ཆུ་ཁ་ བསམ་གྲུབ་ལྗོངས་མཁར་ བཀྲིས་སྒང་ རྫོང་ཁག་ཚུ་ནང་ འགོ་འདྲེན་འཐབ་ནུག།

ཌཱན་ཊག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ མདོ་འཛིན་ཇཱཛ་ཝིན་དར་སིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་ལམ་བདའ་སྟེ་ བལྟ་བཤལཔ་ཚུ་དང་ སྣུམ་འཁོར་ལེ་ཤ་ཅིག་ རྒྱུན་འབྲེལ་འཐབ་པའི་ཁར་ འབྲུག་གི་འཁོར་ལམ་ ཀི་ལོ་མི་ཊར་ ༦༠༠ དེ་ཅིག་ཡང་ ཌཱན་ཊག་ལས་འགུལ་གྱིས་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ལས་ འཁོར་ལམ་ཚུ་ ཕྱགས་སྙིགས་མེདཔ་སྦེ་ བཞག་ཚུགས་པ་ཅིན་ འབྲུག་རྒྱལ་ཁབ་འདི་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

དེ་འབདཝ་ལས་ ཌཱན་ཊག་ལས་འགུལ་གྱིས་ སྣུམ་འཁོར་རྒྱུན་འགྲུལ་གྱི་ གྱངས་ཁ་དང་བསྟུན་ཏེ་ ཕྱགས་སྙིགས་བསྡུ་ནི་ཨིན་མི་དེ་ཡང་ ཐིམ་ཕུ་དང་ སྤ་རོའི་བར་ན་ བདུན་ཕྲག་རེར་ཚར་རེ་དང་ ཕུན་ཚོགས་གླིང་དང་ ཆུ་འཛོམས་ཀྱི་བར་ན་ བདུན་ཕྲག་ ༢ རེར་ཚར་རེ་ དམ་ཆུ་ལས་ ཧཱ་དམ་ཐང་དང་ ཧཱ་ལས་ སྤ་རོ་ དེ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་ཚུ་གི་བར་ན་ ཟླ་རིམ་ཚར་རེ་ འགོ་འདྲེན་འཐབ་ནི་ཨིན་པས།

དེ་ཡང་ ཌཱན་ཊག་ལས་འགུལ་གྱིས་ སྣུམ་འཁོར་དང་སྦྲགས་ཏེ་ ཕྱགས་སྙིགས་བསྡུ་མི་ སྡེ་ཚན་རེའི་ནང་ ལས་མི་ ༤ དང་ ༦ གི་བར་ན་ གཏང་ནི་ཨིནམ་ད་ དེ་ལས་ ཀི་ལིན་བྷུ་ཊཱན་གྱིས་ མི་མང་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ གོ་བརྡ་སྤེལ་ནི་ཨིན་པའི་གནས་ཚུལ།

Please follow and like us: