
ལྷག་པ་གྲུབ་བ།
སྤྱི་ཟླ་ ༢ པའི་ཚེས་ ༦ ལུ་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ལོ་ ༢༠༢༢ ཀྱི་ འབྲིང་རིམ་སློབ་གྲྭའི་ ལག་ཁྱེར་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་བསྒྲགས་འབད་ཡི།
སྤྱི་ལོ་ ༢༠༢༢ ལུ་ སློབ་རིམ་ ༡༠ པའི་ སྤྱིར་བཏང་མཐར་འཁྱོལ་ བརྒྱ་ཆ་ ༧༡.༥༨ ཐོན་མི་དེ་ སྤྱི་ལོ་ ༢༠༢༡ ལུ་ བརྒྱ་ཆ་ ༧༠.༡༢ ཐོབ་མི་དང་ཕྱདཔ་ད་ བརྒྱ་ཆ་ ༡.༤༦ ཡར་སེང་སོང་ནུག།
སློབ་རིམ་ ༡༠ པའི་ ལག་ཁྱེར་ཆོས་རྒྱུགས་ཀྱི་དོན་ལུ་ གཞུང་གི་སློབ་གྲྭ་ ༡༣༢ དང་ སྒེར་གྱི་སློབ་གྲྭ་ ༡༢ འབདཝ་ད་ འབྲིང་རིམ་སློབ་གྲྭ་བར་མ་ ༡༤༤ ལས་ སློབ་ཕྲུག་ཡོངས་བསྡོམས་ ༡༠,༦༡༡ གིས་ ཐོ་བཀོད་འབད་ཡོད་རུང་ སློབ་ཕྲུག་ ༡༠,༥༠༥ གིས་མ་གཏོགས་ ཆོས་རྒྱུགས་མ་ཕུལཝ་ཨིན་པས།
ཆོས་རྒྱུགས་དེ་ནང་ལས་ ཐིམ་ཕུ་བློ་གསར་གླིང་ འབྲིང་རིམ་སློབ་གྲྭ་བར་མའི་ནང་ལས་ སློབ་ཕྲུག་བི་དཱན་བཱན་ཌ་རི་གིས་ སྐུགས་བརྒྱ་ཆ་ ༩༥ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ གསར་སྤང་བློ་གསལ་རྒྱ་མཚོ་ རིག་སྤེལ་འབྱུང་གནས་ལས་ མང་ཐོས་དཔལ་མོ་གིས་ སྐུགས་བརྒྱ་ཆ་ ༩༣.༢༠ ཐོབ་སྟེ་ ཨང་ ༢ པ་དང་ ཐིམ་ཕུ་ཁ་ས་གྲབ་ཅུ་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚེ་དབང་བཟང་མོ་གིས་ བརྒྱ་ཆ་ ༩༢.༢ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
སྐད་ཡིག་དང་ ལམ་སྲོལ་ལག་ཁྱེར་གྱི་ ཆོས་རྒྱུགས་དོན་ལུ་ སློབ་ཕྲུག་ ༧ གྱིས་ ཐོ་བཀོད་འབད་དེ་ ཆོས་རྒྱུགས་ཕུལ་མིའི་གྲས་ལས་ བསོད་ནམས་ཆོས་སྒྲོན་གྱིས་ སྐུགས་བརྒྱ་ཆ་ ༧༠.༨༠ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ཨོ་རྒྱན་རྣམ་རྒྱལ་གྱིས་ བརྒྱ་ཆ་ ༦༨.༤༠ ཐོབ་སྟེ་ ཨང་ ༢ པ་དང་ བདེ་སྐྱིད་དཔལ་འཛོམས་ཀྱིས་ སྐུགས་བརྒྱ་ཆ་ ༦༧.༣༠ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
སྐད་ཡིག་དང་ ལམ་སྲོལ་གྱི་ སློབ་གྲྭ་དེ་ ཀྲོང་གསར་སྟག་རྩེ་ སློབ་གྲྭ་ལྟེ་བ་ཅིག་ར་ཨིན་པས།
སློབ་ཕྲུག་གི་ ཆོས་ཚན་རེ་རེའི་ མཐར་འཁྱོལ་གྲུབ་འབྲས་ལུ་ བལྟ་བ་ཅིན་ ཨང་རྩིས་ཀྱི་ ཆོས་ཚན་ནང་ སྐུགས་དམའ་སུ་སྦེ་ཡོདཔ་ད་ དེ་ཡང་ བརྒྱ་ཆ་ ༤༤.༢༩ ལས་མེད་རུང་ རྡོ་བཟོའི་ཆོས་ཚན་དང་ ཚ་ལ་ གློག་རིག་སྲ་ཆས་ ནང་ཆས་ ཁྱིམ་ནང་གློག་མེ་བཙུགས་སྒྲིག་ ཚེམས་བཟོ་ དེ་ལས་ ཆུ་དུང་བཙུགས་ནི་གི་ ཆོས་ཚན་ཚུ་ནང་ བརྒྱ་ཆ་ལས་བརྒྱ་སྦེ་ར་ མཐར་འཁྱོལ་བྱུང་ནུག།
མཐར་འཁྱོལ་གྲུབ་འབྲས་དེ་ཡང་ རྫོང་ཁའི་ཆོས་ཚན་དང་ ཨིང་སྐད་ དེ་ལས་ ཆོས་ཚན་གཞན་ ༣ ལུ་ གཞིར་བཞག་སྟེ་ གསལ་སྟོན་འབད་ཡོདཔ་ད་ ཆོས་རྒྱུགས་དེ་ནང་ལས་ སློབ་ཕྲུག་ ༧,༥༡༩ གིས་ མཐར་འཁྱོལ་ཡོད་རུང་ སློབ་ཕྲུག་ ༢,༩༨༦ གིས་ མཐར་འཁྱོལ་མ་ཚུགསཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1434261
Views Today :
Total views : 5000
Who's Online :