
སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ བདེ་སྲུང་ལས་རིམ་ གཞི་བཙུགས་འབད་དེ་ མི་ལོ་ ༡༢ འཁོར་བའི་ དུས་སྟོན་བརྩི་སྲུང་ནང་ རྒྱལ་ཁབ་ནང་འཁོད་ལས་ བདེ་སྲུངཔ་ ༨,༠༠༠ དེ་ཅིག་གིས་ གྲལ་གཏོགས་འབད་ནུག།
སྤྱི་ལོ་ ༢༠༡༡ ལུ་ བཀའ་ཁྲིམས་ཐོག་ལས་ གཞི་བཙུགས་འབད་མི་ བདེ་སྲུང་ལས་རིམ་དེ་ སྦྱོང་བརྡར་ཅན་གྱི་ ཁས་བླངས་པ་ཚུ་གིས་ རྒྱལ་ཁབ་ལུ་ ཞབས་ཏོག་ཞུ་ཐབས་ལུ་ཨིནམ་ལས་ བདེ་སྲུང་ཤོ་ཐེངས་ ༥༤ ཚུན་ལུ་ ཁས་བླངས་པ་ ༣༤,༩༣༩ གིས་ སྦྱོང་བརྡར་འབད་ཡོདཔ་ད་ ད་རེས་ ཤོ་ཐེངས་ ༥༥ པའི་ནང་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ཚུ་རྩིས་ཏེ་ བདེ་སྲུངཔ་བསྡོམས་ ༣༦,༡༣༤ ལུ་ ཡར་སེང་འགྱོ་ནི་ཨིན་པས།
བདེ་སྲུང་ལས་རིམ་ གཞི་བཙུགས་ཀྱི་ དུས་སྟོན་ཐེངས་ ༡༢ པ་ བརྩི་སྲུང་སྐབས་ལུ་ བདེ་སྲུངཔ་ཚུ་གིས་ རུ་སྒྲིག་འགྲེམ་སྟོན་དང་ སྤྲོ་སྟོན་ལས་རིམ་ཚུ་ སྤྱན་འབུལ་ཞུ་བའི་ཁར་ བདེ་སྲུངཔ་ཚུ་གིས་ གསར་གཏོད་འབད་མི་ ལས་འགུལ་ཁག་གི་ དཔྱེ་སྟོན་ཚུ་ཡང་ འགོ་འདྲེན་འཐབ་ནུག།
དུས་སྟོན་དེ་ནང་ སྐུ་མགྲོན་གཙོ་བོ་ མི་རྗེ་བློན་ཆེན་ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་ མི་སེར་ཡོངས་ཀྱི་ མགྲིན་ཚབ་སྦེ་ བདེ་སྲུངཔ་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ གསུངས་པའི་ནང་གསལ་ འབྲུག་གི་མི་སེར་ཚུ་དང་ རྒྱལ་ཁབ་ལུ་ ཁས་ལེན་དང་ ཐ་དམ་ཚིག་གཙང་མའི་སྒོ་ལས་ ཁྱད་དུ་འཕགས་པའི་ དཔེ་བཟང་པོ་འདི་ བདེ་སྲུངཔ་ཚུ་གིས་ སྟོན་པའི་གུ་ མི་དབང་མཆོག་གི་ ལམ་སྟོན་དང་ དབུ་ཁྲིད་བཟང་པོའི་འོག་ལུ་ འབྲུག་མི་ཚུ་གི་ དད་དམ་ལྷོད་མེད་དང་ བརྩོན་ཤུགས་ལུ་བརྟེན་ཏེ་ མ་འོངས་པ་དེ་ ག་ནི་བ་ཡང་ ལེགས་ཤོམ་སྦེ་འགྱོ་བའི་ ཡིད་ཆེས་ཡོད་ཟེར་ཨིན་པས།
མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དེ་ ཆེད་བསྟོད་ཅན་གྱི་ བདེ་སྲུངཔ་ཅིག་ཨིན་མི་དེ་ཡང་ བདེ་སྲུངཔ་ཚུ་དང་གཅིག་ཁར་ ཕྱག་ལཱ་མང་རབས་ཅིག་ གནང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༥ ལུ་ ནེ་པཱལ་རྒྱལ་ཁབ་ནང་ ས་ཡོམ་གྱི་ རྐྱེན་ངན་བྱུང་པའི་སྐབས་ལུ་ འབྲུག་གི་ཁ་ཐུག་ལས་ དམིགས་བསལ་གྱི་ སྨན་བཅོས་སྡེ་ཚན་ བཏང་གནང་མིའི་ནང་ཡང་ ཕྱག་ལཱ་གནང་ནུག།
བདེ་སྲུང་ལས་རིམ་དེ་ འགོ་བཙུགས་ཞིནམ་ལས་ཚུར་ བདེ་སྲུངཔ་ཚུ་གིས་ རྒྱལ་ཁབ་ནང་ རྐྱེན་ངན་བྱུང་པའི་སྐབས་ལུ་དང་ རྒྱལ་ཡོངས་ཀྱི་ དུས་སྟོན་སྦོམ་ཚུ་ནང་ ཁས་བླངས་ཐོག་ལས་ རོགས་རམ་དང་ མཉམ་འབྲེལ་ཚུ་ གང་དྲག་འབད་བའི་ གནད་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༢༠ ལས་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་པའི་ གནས་སྐབས་ནང་ ཁས་བླངས་པ་ མང་སུ་ཐོན་ཐབས་ལུ་ བདེ་སྲུང་གི་ དུས་ཐུང་སྦྱོང་བརྡར་ཡང་ བྱིན་ཡོདཔ་ཨིན་པས།
དེ་བཟུམ་མའི་ ནད་ཡམས་ལུ་ གདོང་ལེན་ཚུ་ མཐར་འཁྱོར་ཅན་སྦེ་ ལག་ལེན་འཐབ་ཐབས་ལུ་ ས་མཚམས་ཁག་དང་ རྒྱལ་ཁབ་མཐའ་དབུས་ཀྱི་ ས་གནས་ཁག་གི་ནང་ བདེ་སྲུངཔ་ཚུ་ སྟོང་ཕྲག་དང་ ཁྲི་ཕྲག་སྦེ་དགོ་པའི་ གལ་གནད་ཅན་ཚུ་ ཐོན་ཡོདཔ་བཞིན་དུ་ མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ རྒྱལ་ཡོངས་ཀྱི་ ལས་འགུལ་གལ་ཅན་ཚུ་ ཁེ་ཕན་ཡོདཔ་ བཟོ་ནིའི་དོན་ལས་ འབྲུག་གི་ན་གཞོན་ཚུ་ གྲལ་གཏོགས་ཀྱི་ གོ་སྐབས་སྤྲོད་ཐབས་ལུ་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ཡང་ འགོ་བཙུགས་གནང་ནུག།
བདེ་སྲུངཔ་ཚུ་གིས་ གཞུང་གི་འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ རྒྱལ་ཁབ་ནང་འཁོད་ལུ་ ཉེན་སྲུང་དང་ལྡན་པའི་ འཐུང་ཆུ་བཀྲམ་སྤེལ་གྱི་ གཞི་རྟེན་ཚུ་ བཟོ་སྐྲུན་འབད་དེ་ ལས་འགུལ་ཁག་ ༣༤ མཇུག་བསྡུ་བའི་གུ་ ད་རུང་ཡང་ ལས་འགུལ་ཁག་ ༦ བཟོ་སྐྲུན་འབད་དོ་ཡོདཔ་ད་ ལས་འགུལ་དེ་ཚུ་གིས་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་ཁག་གི་ནང་ བཟའ་ཚང་དང་ སློབ་གྲྭ་ གསོ་བའི་ལྟེ་བ་དང་ མི་མང་གཙུག་སྡེ་ཙུ་ ལེ་ཤ་ཅིག་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༠ ལས་ འགོ་བཙུགས་ཏེ་ ད་ཚུན་གྱི་བར་ན་ དམིགས་བསལ་གྱི་ བདེ་སྲུང་སྡེ་ཚན་ ཨཱལ་ཕ་སྡེ་ཚན་གྱིས་ ལས་འགུལ་ཚུ་གི་དོན་ལུ་ སྡོད་ཁྱིམ་དང་ ས་གོ་ ༡༢༠ དེ་ཅིག་ཡང་ བཟོ་བསྐྲུན་འབད་ནུག།
དེ་མ་ཚད་ བདེ་སྲུངཔ་ཚུ་གིས་ ལོ་ངོ་ ༡ གི་རིང་ལུ་ མོ་བཏབ་ལས་འགུལ་བཟུམ་ཅིག་སྦེ་ ལག་ལེན་འཐབ་མི་ ཀུ་རི་ཟམ་དང་ རྒྱལ་པོའི་ཞིང་གི་ འཁོར་ལམ་བཟོ་བསྐྲུན་དེ་གིས་ བདེ་སྲུངཔ་ཚུ་ལུ་ འབྲུག་གི་གནད་འགག་ཅན་གྱི་ སྤུས་ཚད་དང་ལྡན་པའི་ གཞི་རྟེན་མཁོ་ཆས་ཚུ་ བཟོ་བསྐྲུན་འབད་ནིའི་ནང་ གྲལ་གཏོགས་འབད་ནི་གི་ གོ་སྐབས་གསརཔ་ཅིག་ ཐོབ་ཡོདཔ་ཨིན་པས།
དེ་ལས་ གཞན་ཡང་ བདེ་སྲུངཔ་ཚུ་གིས་ རྒྱལ་སྲུང་ལས་འགུལ་གྱི་དོན་ལུ་ རྒྱལ་སྲུང་ཤེས་ཡོན་སྤེལ་ཁང་ ༥ གི་ ས་ཁོངས་ཚུ་ནང་ གཞི་རྟེན་མཁོ་ཆས་ཚུ་ བཟོ་སྐྲུན་འབད་དོ་ཡོདཔ་ད་ ལས་འགུལ་དེ་ཚུ་ལས་ཐོབ་མི་ ཉམས་མྱོང་དང་ ཤེས་ཡོན་ཚུ་ ག་ནི་བ་ གལ་ཆེ་མི་དེ་ཡང་ དེ་བཟུམ་མའི་ ཉམས་མྱོང་དང་ ཤེས་ཡོན་ཚུ་གིས་ འབྲུག་གི་བཟོ་བསྐྲུན་གྱི་ སྤུས་ཚད་ཡར་སེང་ བཏང་ཚུགསཔ་མ་ཚད་ ལག་རྩལ་ཅན་གྱི་ བང་མཛོད་ཅིག་ལུ་ཡང་ འགྱུར་ནི་གི་ ཁེ་ཕན་བྱུང་ནུག།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༠ འགོ་བཙུགས་ཁམས་ལས་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་ཁག་གི་ནང་ གནས་གོང་ཆེ་བའི་ ཤིང་འབྲས་ཀྱི་ ལྕངམ་ས་ཡ་ ༡ འཛུགས་སྐྱོང་འབད་བའི་ཁར་ ཤིང་ལྕངམ་ལས་འགུལ་ གོ་རིམ་ ༢ པ་དེ་ཡང་ ད་རེས་ སྤྱི་ཟླ་ ༢ པའི་ཚེས་ ༥ ལས་ འགོ་བཙུགས་ནུག།
སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༣ པའི་ནང་ལས་ འགོ་བཙུགས་མི་ རྒྱལ་ཡོངས་རོ་ཁྱིའི་གྱངས་ཁ་ འཛིན་སྐྱོང་ལས་རིམ་དེ་ནང་ སྤྱང་ཁྱི་ཚུ་ ཤ་བཏོག་ཡོདཔ་མ་ཚད་ སྤྱང་ཁྱི་དང་ སྒོ་ཁྱི་ཚུ་ ཐོ་བཀོད་འབད་དེ་ ངོས་འཛིན་གྱི་དོན་ལས་ གཟུགས་ཁར་ཨང་རྟགས་ཚུ་བཙུགས་མི་ ལས་རིམ་དེ་ཡང་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ད་རུང་ བདེ་སྲུངཔ་ཚུ་གིས་ གཞུང་གི་ལས་སྡེ་ཁག་དང་ མཉམ་འབྲེལ་ཐོག་ལས་ ཁྲོམ་སྡེའི་ས་སྟོང་ཚུ་ནང་ སྔོ་ཤིང་འཛུགས་སྐྱོང་དང་ མཛེས་ཆའི་ལཱ་ཚུ་གིས་མ་ཚད་པར་ སོ་ནམ་ཞིང་པ་ཚུ་གིས་ འཐོན་སྐྱེད་བཙོང་སའི་ བཀའ་རྒྱ་ཁྲོམ་བཟོ་སྐྲུན་དང་ ཉའི་རིགས་ཚུ་ འཚོ་སྐྱོང་གི་དོན་ལས་ ཆུ་མཛོད་དང་ ཆུ་བཀྲམ་སྤེལ་ཚུ་གི་ནང་ཡང་ གྲལ་གཏོགས་འབད་ནུག།
དེ་ལས་ འབྲུག་གི་དང་ཕུའི་ མི་ལམ་དང་ རྒྱལ་རབས་ཅན་གྱི་ ས་ཁོངས་ཚུ་ནང་ འགྲུལ་ལམ་ཚུ་ བཟོ་བསྐྲུན་འབད་བའི་ཁར་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ མཉམ་འབྲེལ་ཐོག་ལས་ གློག་མེའི་འཕྲུལ་ཁང་ བཟོ་བསྐྲུན་འབད་ནི་གི་ ལས་འགུལ་ཅིག་ཡང་ ལག་ལེན་འཐབ་པའི་བསྒང་ཨིན་པས།
བདེ་སྲུངཔ་ཚུ་གིས་ དམིགས་བསལ་གྱི་ བསྐྱར་གསོ་དང་ འཚོལ་ཞིབ་དང་ སྲོག་སྐྱབས་ སྨན་བཅོས་ དེ་ལས་ ཁས་བླངས་ཐོག་ལས་ མེ་བསད་དང་ གློ་བུར་གྱི་ གནས་སྟངས་ཚུ་ནང་ ལག་རྩལ་ཅན་གྱི་ རྒྱབ་སྐྱོར་འབད་དེ་ རྒྱལ་ཡོངས་ལུ་ ཕན་ཐོགས་ཆེ་བའི་ ལས་རིམ་ཚུ་གི་ནང་ གྲལ་གཏོགས་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ ཀོ་ཝིཌ་-༡༩ གི་ སྨན་ཁབ་བཙུགས་ནི་དང་ རྒྱལ་ཡོངས་ཀྱི་ ཨང་གནས་ངོ་རྟགས་ལས་འགུལ་ནང་ ལག་རྗེས་ཚུ་ བསྡུ་ནི་ལུ་ཡང་ རྒྱབ་སྐྱོར་ཚུ་འབད་ནུག།
བདེ་སྲུངཔ་ཚུ་ལུ་ རྒྱལ་ཡོངས་ཞབས་ཏོག་ལས་འགུལ་དང་གཅིག་ཁར་ ལག་རྩལ་ལས་རིམ་ ༣༠༠ ལྷགཔ་ཅིག་གི་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ ན་གཞོན་ཚུ་གིས་ ནད་ཡམས་ཐོན་པའི་ ནམ་དུས་ལུ་ རྒྱལ་ཁབ་ལུ་ ཁྱད་འཕགས་ཅན་གྱི་ ཞབས་ཏོག་ཞུ་བའི་ བཀའ་དྲིན་དགའ་ཚོར་ལུ་ འགོ་བཙུགས་ཡོདཔ་ཨིན་པས།
རིག་རྩལ་ལས་རིམ་ཐོག་ལས་ བདེ་སྲུངཔ་ ༧,༥༠༠ ལྷགཔ་ཅིག་ལུ་ སྦྱོང་བརྡར་བྱིན་ཡོདཔ་ད་ རིག་རྩལ་ཚུ་ ཡར་དྲག་དང་ ལྷབ་སྦྱངས་འབད་མི་དེ་གིས་ རང་སོའི་འཚོ་བ་སྐྱོང་ལུ་ ཕན་ཐོགས་པའི་ རྒྱབ་སྐྱོར་གྱི་དོན་ལས་ འགོ་འདྲེན་འཐབ་ཨིན་པས།
དུས་སྟོན་དེ་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ བྱོན་གནང་སྟེ་ རྒྱལ་ཁབ་མཐའ་དབུས་ཀྱི་ ས་ཁོངས་ཚུ་གི་ནང་ལས་ འདུ་འཛོམས་འབད་མི་ བདེ་སྲུངཔ་ཚུ་དང་ མཇལ་ཕྲད་མཛད་གནངམ་ལས་ དུས་སྟོན་དེ་ ལྷག་པར་དུ་ཡང་ དམིགས་བསལ་ཅན་ཅིག་ལུ་ གྱུར་ཡོད་པའི་གནས་ཚུལ།





Users Today : 158
Users Yesterday : 3875
This Month : 79713
This Year : 516706
Total Users : 1228522
Views Today : 221
Total views : 3280935
Who's Online : 17