
རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ སྲུང་སྐྱོབ་བློན་པོ་ཚུ་གི་བར་ན་ ཞལ་འཛོམས་གནང་མི་དང་བསྟུན་ཏེ་ ར་ཤི་ཡ་གིས་ དམག་འཁྲུག་གི་ གནས་སྐབས་གསར་བརྩམས་ཐོག་ལས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ རྫས་བམ་གྱི་ གནོད་འཚུབ་བཀལ་ཡོདཔ་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌོ་མིར་ ཟེ་ལེནཛ་ཀི་གིས་ མཐུན་གྲོགས་རྒྱལ་ཁབ་ཚུ་ལུ་ དམག་གི་གྲོགས་རམ་ཚུ་ གང་མགྱོགས་ར་ བཏང་དགོ་པའི་ ནན་བསྐུལ་འབད་ནུག།
ར་ཤི་ཡ་གིས་ རྫས་བམ་ཚུ་ སྲིད་འཛིན་པུ་ཊིན་གྱིས་ དམིགས་གཏད་དང་འཁྲིལ་ཏེ་ ཌོ་ནེ་ཊཛ་མངའ་སྡེའི་ཁྲོམ་ བཱག་མུཊ་ལུ་ དམིགས་ཚད་བསྐྱེད་དེ་ བཀོག་དོ་ཡོདཔ་ལས་ ཁྲོམ་ལམ་བདའ་སྟེ་ དམག་འཁྲུག་ལང་དགོཔ་ འཐོན་ནི་བཟུམ་ཅིག་ཡོདཔ་ཨིན་པས།
གལ་སྲིད་ བཱག་མུཊ་ཁྲོམ་དེ་ ར་ཤི་ཡ་ལུ་ ཤོར་སོང་པ་ཅིན་ ཌོ་ནེ༌ཊཛ་མངའ་སྡེའི་ཁྲོམ་ ཀར་མ་ཊོརཛ་དང་ སི་ལོ་བི་ཡནཛ་ ༢ ཀྱི་ནང་ ར་ཤི་ཡའི་ དམག་མི་ཚུ་ལུ་ བཙན་འཛུལ་འབད་ནི་གི་ གོ་སྐབས་འཐོབ་ནི་ཨིན་པས།
སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ སྲུང་སྐྱོབ་བློན་པོ་ཚུ་ དམག་འཁྲུག་བཀག་དམ་དང་ གོ་མཚོན་གསོག་འཇོག་གི་སྐོར་ལས་ གསུང་གྲོས་གནང་ནིའི་དོན་ལུ་ འཛོམས་ཡོདཔ་ད་ དེ་བསྒང་ སྲིད་འཛིན་ཟེ་ལེནཛ་ཀི་གིས་ ཡུ་ཀེ་རེན་དང་ མཐུན་གྲོགས་རྒྱལ་ཁབ་ཚུ་གིས་ དམག་འཁྲུག་གི་ ལྕོགས་གྲུབ་བཙན་ཐབས་ བཟོ་མ་ཚར་བའི་བར་ན་ ར་ཤི་ཡ་གིས་ ཁོང་གི་རེ་འདུན་ཚུ་ ག་དེ་མང་མང་ བསྒྲུབ་ནི་ལུ་ ཚ་གཉེར་བཏོན་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 846
Users Yesterday : 1303
This Month : 66518
This Year : 295359
Total Users : 1007175
Views Today : 1392
Total views : 2927424
Who's Online : 2