སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་ནི།

སྤྱི་ཟླ་ ༢ པའི་ཚེས་ ༡༦ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་ ༤ པ་དེ་ སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།
དེ་ཡང་ རྒེད་འོག་དང་ རྫོང་ཁག་ ཁྲོམ་སྡེ་ཚུ་ནང་ སྤྱི་ཟླ་ ༢ པའི་ཚེས་ ༢༥ ལས་ གདམ་ངོ་གདམ་འཐུའི་ བྱ་སྒོ་ཚུ་ འགོ་བཙུགས་ནི་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལས་ སྤྱི་ཟླ་ ༣ པའི་ཚེས་ ༡༥ གི་ ནང་འཁོད་ལུ་ ཐོ་བཀོད་འབད་དགོཔ་ཨིན་པས།
འདེམས་ངོའི་ཡིག་ཆ་ཚུ་ སྤྱི་ཟླ་ ༣ པའི་ཚེས་ ༡༣ གྱི་ ནང་འཁོད་ལུ་ བཙུགས་དགོཔ་ད་ སྤྱི་ཐླ་ ༣ པའི་ཚེས་ ༡༤ ལས་ ངོས་ལེན་འགོ་དཔོན་ཚུ་གིས་ ཡིག་ཆ་ཚུ་ དབྱེ་ཞིབ་འབད་ནི་དང་འབྲེལ་ཏེ་ བསྐུལ་བསྒྲགས་ཚུ་ཡང་ འགོ་བཙུགས་ནི་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༡༦ ལུ་ བསྐུལ་བསྒྲགས་ཀྱི་མ་དངུལ་ དངུལ་ཀྲམ་ ༡༥༠,༠༠༠ རེ་ འདེམས་ངོ་རང་སོ་ལུ་ འཛིན་འགྲོལ་འབད་ནི་དང་ འདེམས་ངོའི་གྲལ་ལས་ ཕྱིར་འཐོན་འབད་ནི་གི་ བློ་འདོད་ཡོད་མི་ཚུ་གིས་ཡང་ ཉིནམ་དེ་ཁར་ ཕྱིར་འཐོན་འབད་དགོཔ་ཨིན་པས།
བསྐུལ་བསྒྲགས་ཚུ་ སྤྱི་ཟླ་ ༤ པའི་ཚེས་ ༡༨ ཀྱི་དྲོ་པར་ ཆུ་ཚོད་ ༩ ལུ་ མཇུག་བསྡུ་དགོཔ་ད་ བཙག་འཐུ་དང་འབྲེལ་བའི་ བཤེར་ཡིག་བཙུགས་ནི་གི་ དུས་ཡུན་དེ་ སྤྱི་ཟླ་ ༤ པའི་ཚེས་ ༢༡ ལས་ སྤྱི་ཟླ་ ༥ པའི་ཚེས་ ༥ ཚུན་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ མི་མང་རྩོད་བསྡུར་ཚུ་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ མཉམ་འབྲེལ་ཐོག་ལས་ སྤྱི་ལོ་ ༢༠༢༣ ལོའི་ སྤྱི་ཚོགས་བཙག་འཐུའི་ ལམ་སྟོན་ཚུ་དང་འཁྲིལ་ཏེ་ རྫོང་ཁག་ ༢༠ གི་ནང་ འགོ་འདྲེན་འཐབ་ནི་ཨིན་པས།
དང་འདོད་ཅན་གྱི་ འདེམས་ངོ་ཚུ་གིས་ དྲོ་པའི་ཆུ་ཚོད་ ༩ ལུ་ གདམ་ངོའི་འཛོམས་འདུ་ནང་ ཚོགས་རྒྱན་འཕྲུལ་ཆས་གུ་ ལག་ལེན་འཐབ་ནིའི་དོན་ལས་ རང་སོའི་ངོ་པར་ རྒྱ་ཚད་སེན་ཊི་མི་ཊར་ ༢.༣ རེ་འབད་མི་ ངེས་པར་དུ་ འབག་འོང་དགོཔ་ཨིན་པའི་གནས་ཚུལ།

Please follow and like us: