འབྲུག་གཞུང་འཕྲུལ་རིག་གི་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ རིམ་ལུགས་འགོ་འབྱེད།

སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་དང་འབྲེལ་ མི་དབང་རྒྱལ་སྲས་མཆོག་གིས་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་རིམ་ལུགས་ འགོ་འབྱེད་མཛད་གནང་ནུག།

འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་དེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་གྱིས་ བཟོ་བསྐྲུན་འབད་མི་ འབྲུག་རྒྱལ་ཡོངས་ཀྱི་ ངོས་འཛིནརིམ་ལུགས་གསརཔ་ཅིག་ཨིན་པས།

དམིགས་བསལ་གྱི་ འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ མི་དབང་རྒྱལ་སྲས་མཆོག་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ཀྱི་ འགྲུལ་འཕྲིན་ཝ་ལེཊ་ཐོག་ལས་  འབྲུག་གི་ཨང་གནས་རིམ་ལུགས་ནང་ མི་ཁུངས་དང་པ་སྦེ་ འཛུལ་ཞུགས་མཛད་གནང་ནུག།

འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ཐོག་ལས་ མི་ཁུངས་ཚུ་ལུ་ ཉེན་སྲུང་དང་ བདེན་དཔྱད་རུང་བའི་ མི་ཁུངས་ངོ་སྤྲོད་ཀྱི་ ཁ་གསལ་ཚུ་ མཁོ་སྤྲོད་འབད་མི་ འཕྲུལ་རིག་རིམ་ལུགས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ རིམ་ལུགས་དེ་གིས་ མི་ཁུངས་རང་སོའི་ བརྡ་དོན་ཚུ་ གསང་བ་དང་ ཉེན་སྐྱོབ་ ངེས་གཏན་ཡོདཔ་བཟོཝ་བཞིན་དུ་ མི་སེར་ཚུ་ལུ་ རང་སོའི་ཁ་གསལ་དང་ བརྡ་དོན་ཚུ་ དམ་འཛིན་འབད་ནི་དང་ ཐོབ་སྤྱོད་འབད་ནི་གི་ རང་དབང་བྱིནམ་ཨིན་པས།

དྲུང་ཆེན་ངོ་ཚབ་ འཇིགས་མེད་བསྟན་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ མི་དབང་རྒྱལ་སྲས་མཆོག་ འབྲུག་གི་ཨང་གནས་ ངོ་རྟགས་རིམ་ལུགས་ནང་ མི་ཁུངས་དང་པ་སྦེ་ འཛུལ་ཞུགས་མཛད་གནང་ཡོདཔ་ལས་ ཁོང་ཆ་ཁྱབ་ ཁ་རྗེ་དང་ སྐལཝ་བཟང་ཡི་ཟེར་ཨིན་པས།

ད་རེས་ རང་སོའི་རང་དབང་ངོ་རྟགས་ལམ་ལུགས་ལུ་ གཞི་བཞག་ཐོག་ལས་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་རིམ་ལུགས་ འགོ་འབྱེད་འབད་མི་དེ་ མི་མང་དང་ སྒེར་སྡེ་གཉིས་ཆ་ར་ལུ་ ཞབས་ཏོག་མཁོ་སྤྲོད་འབད་ཐངས་ཚུ་ གཞི་སྒྱུར་འབད་ནིའི་ནང་ གོམ་པ་མདུན་སྤོའི་ འབད་བརྩོན་སྦོམ་ཤོས་ཅིག་ཨིན་ཟེར་ བཤདཔ་ཨིན་པས།

ད་ལས་ཕར་ དེ་དང་འཁྲིལ་ཏེ་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་དེ་ འབྲུག་མི་ཡོངས་ལུ་ ལག་ལེན་དང་ ཐོབ་སྤྱོད་ཡོདཔ་ བཟོ་ནི་གི་ ལས་འཆར་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: