
རྒྱ་གར་གཞུང་གིས་ རྒྱལ་སྲུང་ལས་འགུལ་ལུ་ དངུལ་ཀྲམ་ཐེར་འབུམ་ ༢ གྲོགས་རམ་སྦེ་ བྱིན་ནི་ཨིན་པའི་ ཁས་ལེན་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༢༥ ལུ་ རྒྱ་གར་གཞུང་གིས་ རྒྱལ་སྲུང་ལས་འགུལ་ལུ་ རྒྱབ་སྐྱོར་དེ་དང་འབྲེལ་ཏེ་ དམིགས་བསལ་ལས་རིམ་ཅིག་ སེམས་རྟོགས་ཁའི་རྫོང་ནང་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཐེངས་དང་པའི་ནང་ དངུལ་ཀྲམ་ཐེར་འབུམ་ ༡ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སུཌ་ད་ཀར་ ཌ་ལི་ལ་གིས་ རྒྱལ་སྲུང་ལས་འགུལ་གྱི་ མདོ་ཆེན་ལུ་ རྩིས་སྤྲོད་འབད་ནུག།
མ་དངུལ་དེ་ རྒྱ་འབྲུག་ ༢ ཀྱི་བར་ན་ རྒྱལ་སྲུང་ལས་རིམ་གྱི་དོན་ལུ་ དམིགས་བསལ་གྱི་ ལས་སྣ་ཚུ་ནང་ ལག་ལེན་འཐབ་ནི་ཨིནམ་ད་ བདེ་སྲུངཔ་ ༡༡,༠༠༠ དེ་ཅིག་གིས་ ལོ་ངོ་ ༢ ཀྱི་རིང་ལུ་ རིག་རྩལ་དང་ སྦྱོང་བརྡར་གྱི་ ལས་རིམ་ཐོག་ལས་ རྒྱལ་སྲུང་གི་ གཞི་རྟེན་བཟོ་སྐྲུན་ལས་འགུལ་ཚུ་ རྐྱབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
རྒྱལ་སྲུང་དེ་ ལོ་ངོ་ ༡ གི་ གཅིག་སྒྲིལ་སྦྱོང་བརྡར་ལས་རིམ་ཅིག་ཨིནམ་ད་ ལས་རིམ་དེ་ནང་ ཟླཝ་ ༣ གྱི་རིང་ལུ་ གཞི་རྟེན་དམག་སྦྱོང་འབད་ནི་དང་ དེ་གི་ཤུལ་ལས་ ཟླ་ངོ་ ༨ ཀྱི་རིང་ལུ་ བརྡ་དོན་འཕྲུལ་རིག་དང་ བཟོ་བསྐྲུན་ སོ་ནམ་དང་ མི་སྡེའི་ཉེན་སྲུང་ཚུ་གི་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་གི་ ལས་རིམ་ཡོདཔ་ཨིན་པས།
རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༥ གི་ནང་ ལོ་བསྟར་བཞིན་དུ་ འབྲུག་པའི་ན་གཞོན་ སྐྱེས་ལོ་ ༡༨ ལང་མི་ ༡༣,༠༠༠ དེ་རེ་གིས་ རྒྱལ་ཡོངས་ཞབས་ཏོག་སྦྱོང་བརྡར་ནང་ གྲལ་གཏོགས་འབད་ནི་ཨིན་པས།
ད་རེས་ རྒྱལ་སྲུང་ལས་འགུལ་གྱི་ སྤེལ་ཁང་ཚུ་ རྐྱབ་པའི་བསྒང་ཡོདཔ་ད་ རྒྱལ་ཡོངས་ཞབས་ཏོག་ སྦྱོང་བརྡར་ལས་རིམ་དེ་ཡང་ སྤྱི་ལོ་ ༢༠༢༤ ལས་ འགོ་བཙུགས་ནི་ཨིནམ་ད་ རྒྱལ་སྲུང་ལས་རིམ་དེ་ མི་དབང་མངའ་ཞབས་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ རྒྱལ་ཡོངས་ཀྱི་ ལས་རིམ་གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ མ་འོངས་པར་ འབྲུག་རྒྱལ་ཁབ་ཀྱི་ གཞི་འགྱམ་སྒྲིང་སྒྲིང་སྦེ་ བཟོ་ཐབས་ལུ་ཨིན་པས།
དེ་བཟུམ་མའི་ འབྲུག་པའི་ན་གཞོན་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་དང་ རྒྱལ་ཡོངས་ལུ་ གལ་གནད་ཆེ་བའི་ ལས་སྣ་ཚུ་ནང་ བཅའ་མར་གཏོགས་ཏེ་ འབྲུག་གི་རྩ་བ་གསུམ་ལུ་ ཕྱག་ཕྱིད་ཞུ་ཐབས་ལུ་ཡང་ཨིན་པས།
རྒྱལ་སྲུང་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༢ གྲོགས་རམ་སྦེ་ བྱིན་མི་དེ་ རྒྱ་གར་གཞུང་གིས་ འབྲུག་གཞུང་ལུ་ འཆར་དངུལ་གྱི་ གྲོགས་རམ་སྦེ་ དངུལ་ཀྲམ་ཐེར་འབུམ་ ༥༠ བྱིན་ནི་གི་ ཁས་ལེན་འབད་མིའི་གུ་ ཁ་སྐོང་སྦེ་ཨིན་པས།
སེམས་རྟོགས་ཁའི་རྫོང་ནང་ དམིགས་བསལ་ལས་རིམ་སྐབས་ལུ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ རྒྱ་གར་གཞུང་ཚབ་ དེ་ལས་ གཞུང་ཚབ་ཡིག་ཚང་གི་ འགོ་དཔོན་ཚུ་དང་ རྒྱལ་སྲུང་བཀོད་ཚོགས་ཀྱི་ འཐུས་མི་དང་ འཛིན་སྐྱོང་འབད་མི་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།






Users Today : 556
Users Yesterday : 3875
This Month : 80111
This Year : 517104
Total Users : 1228920
Views Today : 867
Total views : 3281581
Who's Online : 11