རྒྱ་ནག་དང་ བེ་ལ་རུཛ་ རྒྱལ་ཁབ་ ༢ ཀྱིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ ཞི་བདེ་བཟོ་ནི་གི་དང་འདོད།

བི་བི་སི།
རྒྱ་ནག་དང་ བེ་ལ་རུཛ་ རྒྱལ་ཁབ་ཀྱི་ དབུ་ཁྲིད་ ༢ ཀྱིས་ ཡུ་ཀེ་རེན་གྱི་དོན་ལུ་ ཞི་བདེ་ཐོག་ལས་ བྱེལཝ་འཇོམས་ནིའི་ནང་ དང་འདོད་སྦོམ་སྦེ་ར་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
དེ་ཡང་ ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་དང་ མཐུན་འབྲེལ་དམ་ཟབ་ཡོད་མི་ རྒྱ་ནག་གི་ སྲིད་འཛིན་དང་ བེ་ལ་རུཛ་གི་འགོ་ཁྲིདཔ་ ཨ་ལེག་ཟཱན་ཌར་ ལུ་ཀ་ཤེང་ཀོ་གིས་ བེ་ཇིང་ལུ་ གསུང་གྲོས་གནང་པའི་ཤུལ་ལས་ གསལ་བཤད་འབད་ནུག།
རྒྱ་ནག་གིས་ རྒྱལ་ཁབ་རང་དབང་ལུ་ གུས་ཞབས་འབད་དགོ་ཟེར་བའི་ ནན་སྐུལ་ཐོག་ལུ་ གསལ་བསྒྲགས་འབད་ཡོད་མི་ ཞི་བདེའི་གསུང་གྲོས་ཀྱི་ འཆར་གཞི་ལུ་ ལུ་ཀ་ཤེང་ཀོ་གིས་ཡང་ བེ་ཇིང་གི་ འཆར་གཞི་དེ་ལུ་ རྒྱབ་སྐྱོར་ཧྲིལ་བུ་ཡོད་ཟེར་ཨིན་པས།
རྒྱ་ནག་དང་ བེ་ལ་རུཛ་རྒྱལ་ཁབ་ཀྱི་ དབུ་ཁྲིད་ ༢ ཀྱི་བར་ན་ གསུང་གྲོས་དེ་ཡང་ རྒྱ་ནག་གིས་ ཆེ་མཐོའི་གཞུང་ཚབ་ ཝང་ཡི་ཟེར་མི་དེ་ པུ་ཊིན་དང་ མཇལ་ཕྲད་ཀྱི་དོན་ལུ་ བཏང་པའི་ཤུལ་ལས་གནང་ནུག།
ལུ་ཀ་ཤེང་ཀོ་དང་ ཟི་ཇིན་པིང་གི་ ཞལ་འཛོམས་དེ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱི་ ཨེ་ཤི་ཡའི་ དབུས་ཕྱོགས་ས་གནས་ཚུ་ནང་ ཡུ་ཀེ་རེན་གྱི་ དམག་འཁྲུག་དང་འབྲེལ་ཏེ་ གཟིགས་སྐོར་ལུ་ བྱོན་ནི་དང་ དུས་མཉམ་ཕོག་ཡོདཔ་ད་ སྤྱི་ཟླ་ ༣ པའི་ཚེས་ ༢ ལུ་ རྒྱ་ནག་དང་ བེ་ལ་རུཛ་ ༢ ཀྱིས་ ཡུ་ཀེ་རེན་ལུ་ ག་དེ་མགྱོགས་མགྱོགས་ ཞི་བདེ་བཟོ་ནིའི་ནང་ དང་འདོད་སྦོམ་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
བེ་ཇིང་གི་ ཞི་བདེའི་འཆར་གཞིའི་ནང་ རྒྱལ་ཁབ་ག་རའི་ རང་དབང་ལུ་ བརྩི་བཀུར་འབད་དགོ་པའི་ ནན་སྐུལ་ཚུད་དེ་ཡོད་རུང་ ར་ཤི་ཡའི་ དམག་མི་ཚུ་ ཡུ་ཀེ་རེན་ལས་ ཕྱིར་བཏོན་འབད་དགོ་པའི་སྐོར་ལས་ དམིགས་བསལ་གྱི་ གནད་དོན་ག་ནི་ཡང་ མེདཔ་ཨིན་པས།
བེ་ཇིང་གི་ འཆར་གཞིའི་སྐོར་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གནད་དོན་ལ་ལོ་ཅིག་ལུ་ ངོས་ལེན་ཡོད་ཟེར་ བཤད་ཡོད་རུང་ ཟེ་ལེནཛ་ཀི་གིས་ དབུ་ཁྲིད་ཞལ་འཛོམས་ཅིག་ འཚོགས་དགོཔ་སྦེ་ སླབ་མི་ལུ་ བེ་ཇིང་ལས་ ལན་གསལ་ག་ནི་ཡང་ མ་ཐོབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: