
བི་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༢ ལུ་ ཇར་མ་ནིའི་ ཕེ་རེང་ཕཱཊ་ གནམ་ཐང་ལས་ མའུ་རི་ཤི་ཡཱཛ་ལུ་འཕུར་མི་ ཀཱོན་ཌོར་གནམ་གྲུ་སྡེ་ཚན་གྱི་ གནམ་གྲུ་ཅིག་ མཁའ་རླུང་འཚུབས་ཅན་ཅིག་དང་ ཁ་ཐུག་རྐྱབ་ཡོདཔ་ལས་ མཁའ་འགྲུལཔ་ ༡༧ ལུ་ རྨ་སྐྱོན་བྱུང་ཡོད་པའི་ནང་ལས་ མཁའ་འགྲུལཔ་ ༢ ལུ་ རྨ་སྐྱོན་ཚབས་ཆེན་སྦེ་ར་བྱུང་ནུག།
དེ་ཡང་ གནམ་གྲུ་དེ་ མའུ་རི་ཤི་ཡཱཛ་ལུ་ མ་ཆགསཔ་ཅིག་ཁར་ མ་ཌ་གཱཛ་ཀར་གྱི་ ཉེ་འདབས་ལུ་ བྱུང་ཡོདཔ་ད་ དེ་བསྒང་ གནམ་གྲུའི་ནང་འཁོད་ལུ་ཡང་ གནོད་པ་བྱུང་ཡོདཔ་སྦེ་ཨིན་པས།
མཁའ་འགྲུལཔ་ ༢༧༠ འབག་མི་ གནམ་གྲུ་དེ་ མའུ་རི་ཤི་ཡཱཛ་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ གློ་བུར་དུ་ ཆགས་དགོཔ་བྱུང་སྟེ་ རྨ་སྐྱོན་བྱུང་མི་ མཁའ་འགྲུལཔ་ཚུ་ ཁྲིམས་སྲུང་དམག་མི་ཚུ་གིས་ ཉེ་འདབས་ཀྱི་ སྨན་ཁང་ནང་བསྐྱལ་ནུག།
མའུ་རི་ཤི་ཡཱཛ་ལུ་ བདུན་ཕྲག་ཧེ་མའི་ནང་ཡང་ རླུང་འཚུབས་ཕེ་རེ་ཌི་ཟེར་མི་ འཕུ་བ་ལུ་བརྟེན་ཏེ་ གནམ་གྲུ་ཚུ་ འཕུར་འགྲུལ་འབད་ནི་ལས་ བཀག་ཆ་འབད་དགོཔ་ བྱུང་ཡོདཔ་ད་ ཨཱཕ་རི་ཀའི་ ལུང་ཕྱོགས་ནང་ འཕྲལ་ཁམས་ཀྱི་ བདུན་ཕྲག་ཚུ་ནང་ ཆརཔ་ཡང་ཤུགས་སྦེ་ར་ རྐྱབ་སྟེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 1009
Users Yesterday : 1379
This Month : 1009
This Year : 229850
Total Users : 941666
Views Today : 2618
Total views : 2741661
Who's Online : 8