
པདྨ་དབང་འདུས།
སྤྱི་ཟླ་ ༢ པའི་ཚེས་ ༢༢ ལུ་ འབྲུག་གི་བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ ཀརྨ་རྡོ་རྗེ་དང་ བང་ལ་དེཤ་གི་ ཚོང་འབྲེལ་བློན་པོ་ ཏི་པུ་མཱུན་ཤི་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཅ་ཆས་སྐྱེལ་འདྲེན་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ནིའི་དོན་ལས་ གཞུང་ ༢ ཀྱི་བར་ན་ སྒུལ་བསྐྱོད་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།
ཆིངས་ཡིག་དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཅ་ཆས་ཕྱིར་ཚོང་དང་ ནང་འདྲེན་ཚུ་ བང་ལ་དེཤ་གི་ས་གནས་ མོང་ལ་དང་ པེ་ར་ དེ་ལས་ ཅ་ཏོ་ག་རམ་ཚུ་གི་ རྒྱ་མཚོའི་གྲུ་ཚུགས་ནང་ལས་ བརྒྱུད་སྤེལ་མཐུན་རྐྱེན་ མ་འདྲ་བའི་སྒོ་ལས་ སྐྱེལ་འདྲེན་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
བརྒྱུད་སྤེལ་ཆིངས་ཡིག་དེ་ སྤྱི་ལོ་ ༢༠༡༥ ལུ་ཚོགས་མི་ ཚོང་འབྲེལ་དྲུང་ཆེན་ཚུ་གི་ ཞལ་འཛོམས་སྐབས་ལུ་ འགོ་བརྩམས་ཡོདཔ་ད་ དེའི་ཤུལ་ལས་ འབྲུག་གཞུང་གི་ ཚོང་འབྲེལ་ལས་ཁུངས་དང་ འབྲེལ་ཡོད་ལས་སྡེ་ཚུ་ལས་ འཐུས་མི་ཚུ་དང་ བང་ལ་དེཤ་གི་ ཚོང་འབྲེལ་ལྷན་ཁག་གི་ འཐུས་མི་ཚུ་ཡོད་མི་ མཉམ་འབྲེལ་ལས་བྱེད་ཚོགས་ཆུང་ཅིག་བཙུགས་ཏེ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༩ པའི་ནང་ ཚོང་འབྲེལ་དྲུན་ཆེན་ཚུ་གི་ ཞལ་འཛོམས་ཐེངས་ ༨ པ་ ཌ་ཀ་ལུ་ ཚོགས་ཐོག་ལས་ མཚན་རྟགས་བཀོད་ཆོག་ཆོག་བཟོ་ནུག།
ཆིངས་ཡིག་འདི་ལུ་བརྟེན་ཏེ་ རྒྱལ་ཁབ་ ༢ ཀྱི་བར་ན་ ད་རེས་ཡོད་མི་ མཐུན་ལམ་ཡར་དྲག་ཐོག་ལས་ ཚོང་འབྲེལ་གྱི་ མཉམ་འབྲེལ་ཚུ་ བཙན་ཏོག་ཏོ་འབྱུང་ནི་ཨིན་པས།
ཆིངས་ཡིག་གུ་ མཚན་རྟགས་དེ་ཡང་ ནུས་ཤུགས་དང་ རང་བཞིན་འཐོན་སྐྱེད་ ལྷན་ཁག་གི་བློན་པོ་ ལོག་ནཱཐ་ཤར་མ་དང་ འབྲུག་ལུ་ བང་ལ་དེཤ་གི་གཞུང་ཚབ་ དེ་ལས་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་དང་ ནུས་ཤུགས་དང་ རང་བཞིན་འཐོན་སྐྱེད་ལྷན་ཁག ཕྱི་འབྲེལ་དང་ རྒྱལ་སྤྱི་ཚོང་འབྲེལ་ལྷན་ཁག་གི་ དྲུང་ཆེན་ཚུ་གི་གཙོས་པའི་ ལས་ཁུངས་ཁག་གི་ འགོ་འཛིན་ཚུ་དང་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ དེ་ལས་ བང་ལ་དེཤ་དང་ འབྲུག་གི་ཆེ་མཐོའི་ དཔོན་ཁག་ཚུ་གི་ སྐུ་མདུན་ལུ་སྦེ་ བཀོད་ཡོད་པའི་གནས་ཚུལ།





Users Today : 377
Users Yesterday : 1450
This Month : 43386
This Year : 223289
Total Users : 935105
Views Today : 733
Total views : 2726849
Who's Online : 6