
རྒྱ་གར་གྱི་ སྲིད་འཛིན་མཆོག་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཟླ་ ༤ པའི་ཚེས་ ༣ ལས་ ༥ ཚུན་ རྒྱ་གར་གྱི་རྒྱལ་ས་ ནིའུ་དིལླི་ལུ་ ཉིན་གྲངས་ ༣ གྱི་དོན་ལས་ གཞུང་འབྲེལ་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡི།
སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མི་དབང་མཆོག་ བློན་ཆེན་གྱི་ གཞུང་འབྲེལ་གཟིམ་ཅུང་ནང་ གདན་འདྲེན་ཞུ་སྟེ་ དབུ་ཁྲིད་ ༢ ཀྱི་བར་ན་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ བློན་ཆེན་མོ་དི་གིས་ མི་དབང་ཞབས་དང་ འབྲུག་གི་འཐུས་མི་སྡེ་ཚན་ལུ་ ཉིན་མའི་གསོལ་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ནུག།
དེ་ཚེ་ ཕྱི་རུ་ཁམས་ཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་གྱི་སྲིད་འཛིན་ ཨམ་ཌའུ་པ་ཌི་ མུར་མུ་གིས་ རཱཤ་ཊ་པ་ཏི་ བྷ་ཝཱན་ནང་ གདན་འདྲེན་ཞུ་ཡོདཔ་ཨིན་པས།
དེ་ལས་ གཞན་ཡང་ མི་དབང་མངའ་ཞབས་མཆོག་གིས་ རྒྱ་གར་གྱི་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཨ་ཇིཊ་དོ་ཝཱལ་དང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇའི་ཤང་ཀར་དང་ཡང་ མཇལ་ཕྲད་མཛད་གནང་ཡི་ཟེར་ རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
མི་དབང་མཆོག་གིས་ རཱཇ་གྷཊ་ལུ་ མ་ཧཱཊ་མ་གཱན་དྷིའི་ རྗེས་དྲན་ས་ཁོངས་ནང་ ཆིབས་སྐྱོད་གནང་སྟེ་ མེ་ཏོག་གི་ ཕྲེང་བ་དང་བཅས་པའི་སྒོ་ལས་ ཐུགས་སྨོན་གནང་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ གཟིགས་སྐོར་གནང་ཐོག་ལས་ དིལླི་ལུ་ ལཱ་འབད་མི་ འབྲུག་མི་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སྤྱི་ཟླ་ ༤ པའི་ཚེས་ ༣ ལུ་ མི་དབང་མངའ་ཞབས་མཆོག་ རྒྱ་གར་ནིའུ་དིལླི་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ མི་དབང་མཆོག་གི་ ཕྱག་ཞུ་སྟེ་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ བྱོན་ཡོདཔ་ད་ མི་དབང་མངའ་ཞབས་མཆོག་ གནམ་གྲུའི་ཐང་ནང་ ཕེབས་པའི་སྐབས་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇའི་ཤང་ཀར་གྱིས་ ཕེབས་བསུ་ཞུ་ཡོདཔ་ཨིན་པས།
མི་དབང་མཆོག་ རྒྱ་གར་དིལླི་ལུ་ བཞུགས་རིང་གར་ ཆེ་མཐོའི་གནས་རིམ་ཚུ་ནང་ འབྲུག་དང་ རྒྱ་གར་གྱི་བར་ན་ གནད་དོན་སྣ་ཚོགས་ཀྱི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཉམ་འབྲེལ་དང་ མཐུན་ལམ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ བྱུང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
འབྲུག་དང་ རྒྱ་གར་གྱི་བར་ན་ འགྲན་ཟླ་དང་བྲལ་བའི་ དམིགས་བསལ་གྱི་ མཐུན་ལམ་ཡོད་མི་འདི་ ལོ་ངོ་བཅུ་ཕྲག་ ལེ་ཤ་ཅིག་གི་རིང་ལུ་ རྒྱལ་ཁབ་ ༢ ཀྱི་ དབུ་ཁྲིད་ཚུ་གིས་མ་དོ་བར་ མི་སེར་ཚུ་གི་བར་ན་ཡང་ འབྲེལ་བ་དམ་ཟབ་ཡོད་པ་ལུ་བརྟེན་ཏེ་ རྩ་བརྟན་སོང་ཡོདཔ་ཨིན་པས།
དེ་གི་ནང་ལས་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གཟིགས་སྐོར་ལུ་བརྟེན་ཏེ་ འབྲུག་དང་ རྒྱ་གར་རྒྱལ་ཁབ་ ༢ ཀྱི་བར་ན་ མཛའ་བཤེས་མཐུན་ལམ་ཚུ་ སྔར་བ་ལྷགཔ་སྦེ་ སྒྲིང་སྒྲིང་བཟོ་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ བྱུང་ཡོད་པའི་གནས་ཚུལ།




Users Today : 410
Users Yesterday : 1867
This Month : 19098
This Year : 182782
Total Users : 540759
Views Today : 629
Total views : 1699937
Who's Online : 10