
རོའི་ཊརཛ།
མ་ཡན་མར་གྱི་ དྲག་པོའི་དམག་སྡེ་དང་ མཚོན་ཆ་འབག་སྟེ་ ངོ་རྒོལ་འབད་མི་ གྲངས་ཉུང་མི་རིགས་ཀྱི་བར་ན་ ནང་འཁྲུག་འཚུབ་ཅན་སྦེ་ར་ ལང་སྟེ་ཡོདཔ་ལས་ བདུན་ཕྲག་འདི་ནང་ མི་གྲངས་ ༥,༠༠༠ དེ་ཅིག་ མ་ཡན་མར་ལས་ བྱོག་སོང་སྟེ་ མཐའ་ཡས་ལེན་གྱི་ ས་མཚམས་ལུ་ ལྷོད་ཡོདཔ་ཨིན་པས།
ནང་འཁྲུག་དེ་ཡང་ མ་ཡན་མར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀ་རེན་ཟེར་སར་ ངོ་རྒོལ་འབད་མི་ཚུ་གིས་ དྲག་པོའི་སྲུང་རྭ་ཅིག་ལུ་ གནོད་འཚུབ་བཀལ་བའི་སྐབས་ལུ་ ཐོན་ནུག་ཟེར་ཨིན་པས།
སྤྱི་ལོ་ ༢༠༢༡ ལུ་ བཙག་འཐུ་ལས་གྲུབ་མི་ གཞུང་གི་དབང་ཚད་ བཙན་འཕྲོག་འབད་མི་ དམག་སྡེའི་གཞུང་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཤོས་ཚུ་ནང་ ངོ་རྒོལ་འབདཝ་ལས་ དཀའ་ངལ་ཐོན་ཏེ་ཡོདཔའི་ཁར་ ཁོང་གིས་ དམགས་གཙོའི་རིང་ལུགས་ཀྱི་ ཕྱོགས་བཟུང་སྟེ་ འགྲེམ་སྟོན་འབད་མི་ཚུ་ དྲག་ཐོག་དཔུང་གནོན་འབད་བའི་སྐོར་ལས་ རྒྱལ་སྤྱི་གིས་ ཉེས་ཁ་ཚུ་ཡང་བཀལ་ནུག།
ད་རེས་ མ་ཡན་མར་ལས་ བྱོག་སོང་སྟེ་ མཐའ་ཡས་ལེན་གྱི་ ས་གནས་ཏག་ཟེར་སར་ ལྷོད་དེ་ཡོད་མི་ མི་གྲངས་ ༥,༠༠༠ དེ་ཅིག་གི་གྲས་ཁར་ མང་ཤོས་ཅིག་ ཨམ་སྲུ་དང་ ཨ་ལོ་ཚུ་ཡོདཔ་ད་ ས་གནས་ཀྱི་ མི་སེར་ཚུ་གིས་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ རྐྱབ་བྱིན་ཡོདཔ་ཨིན་པས།
གྲོགས་རམ་གྱི་ ལཱ་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རུང་ཡང་ མཐའ་ཡས་ལེན་ལུ་ འོང་ནིའི་དོན་ལས་ མི་སེར་ལེ་ཤ་ཅིག་ མ་ཡན་མར་གྱི་ ས་མཚམས་ནང་འཁོད་ལུ་ སྒུག་སྟེ་ཡོདཔ་ད་ ཁོང་ལུ་ འཐུང་ཆུ་ལངམ་མེད་པའི་ཁར་ ཆབ་གསང་ཚུ་ཡང་མེད་པའི་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིན་པས།
མ་ཡན་མར་གྱི་ གྲོང་གསེབ་ཚུ་ནང་ དྲག་པོའི་དམག་མི་ཚུ་གིས་ ཞི་བའི་མི་སེར་ཚུ་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་དོ་ཡོད་པའི་ ཁ་ཉེས་བཀལ་ཏེ་ དམག་འཁྲུག་ལང་ཡོདཔ་ལས་ འདས་པའི་བདུན་ཕྲག་ནང་ མ་ཡན་མར་གྱི་ བྱང་ཕྱོགས་གཡུས་ཚན་ཅིག་ནང་ དམག་མི་ཚུ་གིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ཨ་ལོ་ཚུ་བརྩིས་ཏེ་ ཞི་བའི་མི་སེར་ ༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
ཨིན་རུང་ དམག་སྡེའི་གཞུང་གིས་ ཞི་བའི་མི་སེར་ལུ་ གནོདཔ་བཀལ་ནི་མིན་པར་ དྲག་ཐོག་ངོ་རྒོལ་འབད་མི་ཚུ་དང་གཅིག་ཁར་ དམག་འཁྲུག་ལང་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 2428
Users Yesterday : 4018
This Month : 110830
This Year : 547823
Total Users : 1259639
Views Today : 3088
Total views : 3325496
Who's Online : 18